
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ། སློབ་གྲྭ་དང་ས་གནས། སློབ་གྲྭ་དང་ཁེ་ལས་བཅས་ཀྱི་ཐོན་སློབ་ཞིབ་གསུམ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་ཐོན་ལས་གསར་གཏོད་ཀྱི་སྒུལ་ནུས་ལ་སྐུལ་སློང་བྱེད་པ། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་ཆེད། ཉེ་ཆར་རྔ་བ་ཁུལ་གྱི“སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱིས“གཏེར་སྔོག”དང་ཚན་རྩལ་ཞབས་ཞུ་ཁེ་ལས་སུ་སྒྲུབ་པའི་མཛོད་དགེའི་ཆེད་དོན་བྱེད་སྒོ་ཐང་སྐོར་གྲོང་རྡལ་དུ་སྤེལ། ཐེངས་འདིའི་བྱེད་སྒོ་ནི་མཛོད་དགེ་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་རྔ་བ་ཁུལ་གྱི་ཚན་རྩལ་ཅུས་དང་མཉམ་དུ་སྤེལ་བ་དང་། ཁེ་ལས་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་གྱི་དཀའ་གནད་ལ་དམིགས་ནས་མཐོ་སློབ་ཚན་ཞིབ་ཐོན་ཁུངས་དང་ས་གནས་ཁེ་ལས་ལ་སྦྲེལ་ཟམ་བསྐྲུན་ནས། མཛོད་དགེ་མཐོ་སྒང་གི་ཐོན་ལས་འཕེལ་རྒྱས་ལ་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་བསྩལ།
བྱེད་སྒོ་དེ་རུ“སློབ་ཁང་དུ་སློབ་ཁྲིད་དང་ཞིང་ཁ་རུ་དངོས་སྦྱོང”གི་ལམ་ནས་ཞིང་ལས་ཆེད་མཁས་པས་མཐོ་སྒང་ལོག་དཀར་་ཐོན་སྐྱེད་འདེབས་གསོ་དང་ཆུ་ལུད་དོ་དམ། ཀྲུང་ལུགས་སྨན་རྒྱུ་ཚད་ལྡན་འདེབས་འཛུགས། གནོད་འབུ་འགོག་སྲུང་སོགས་འགག་རྩའི་ལག་རྩལ་གསོ་སྦྱོང་བྱས། ཉེ་འཁོར་གྱི་འདེབས་འཛུགས་མཁན་དང་སྡེ་མི60ལྷག་གསོ་སྦྱོང་དུ་ཞུགས་ཡོད།
ཆེད་དོན་བྱེད་སྒོ་དེ་ནི་རྔ་བ་ཁུལ་གྱིས“གཏེར་སྔོག”བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་ཚན་རྩལ་གྱིས་དངོས་ཕུང་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། མཛོད་དགེ་རྫོང་གིས་སློབ་གྲྭ་དང་ས་གནས། ཁེ་ལས་བཅས་ཀྱི་མཐུན་སྦྱོར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་གྲངས་རྗེས་འདེད་ཞབས་ཞུ་དམ་འཛིན་ཡག་པོ་བྱེད་པ། ལག་རྩལ་དང་སྲིད་ཇུས། ཐོན་ཁུངས་བཅས་གནད་སྨིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ལས་རྒྱུན་མཐུད་སྟོབས་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་གཏོང་བཞིན་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་འབད་པ་ལྷུར་ལེན་བྱེད་རྒྱུ་ཡིན།