སི་ཁྲོན་ཟུང་ཆུ་རྫོང་གིས་ཆེད་དོན་སྒྲོག་འགྲེལ་དང་དབྱར་དུས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས།

སི་ཁྲོན་ཞིང་ཆེན་ཏང་ཨུ་དང་རྔ་བ་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དེ་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་པར་དོན་འཁྱོལ་ནན་མོ་བྱེད་པ་དང་།  ལས་རྣམ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་དང་ཁོ་ཚོའི་བྱ་བར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཆེད། ཉེ་ལམ།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཟ་མ་སྐྱེལ་མཁན་དང་མྱུར་སྐྱེལ་པ་སོགས་ལས་ཞུགས་རྣམ་པ་གསར་པའི་ལས་སྒྲུབ་པ་རྩ་འཛུགས་བྱས་ཏེ། ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་ནས་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་། རྔ་བ་ཁུལ་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པར་མ་ཟད། ཡུལ་དངོས་སུ་དབྱར་དུས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

སྒྲོག་འགྲེལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་གཙོ་བོར་དམིགས་ཤིང་།  ཟུང་ཆུ་རྫོང་གི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ། མཁར་གྲོང་གི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། ལས་ཞུགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་བཀོད་སྒྲིག་གཙོ་བོའི་ཐད་ནས་འགྲེལ་ཀློག་ཞིབ་མོ་བྱས།  དེ་མིན་སྤྱི་ཁྱབ་བཟོ་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་པས་མྱུར་སྐྱེལ་པ་དང་ཟ་མ་སྐྱེལ་མཁན་སོགས་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིར་མགོ་གཡོག་མགོ་སྐོར་སྔོན་འགོག་དང་ལས་རིགས་ནད་འགོག་བཅོས་སོགས་བཅའ་ཁྲིམས་སྒྲོག་འགྲེལ་བྱས། 

སློབ་སྦྱོང་ཚོགས་འདུ་མཇུག་བསྒྲིལ་རྗེས།   ཟུང་ཆུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དབྱར་དུས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་པའི་ཟས་རིགས་སྐྱེལ་མཁན་དང་མྱུར་སྐྱེལ་པའི་ལས་རིགས་གཉེར་མཁན་གྱི་མི་སྣར་གཏེར་ཆུ་དང་ལག་ཕྱིས།  ཉི་འགོག་དངོས་རྫས་སོགས་བཀོལ་སྤྱོད་རིན་ཐང་ཆེ་བའི་འཚམས་འདྲིའི་དངོས་རྫས་བྱིན་པར་མ་ཟད།   ལས་བྱེད་མི་སྣ་ཚང་མས་དབྱར་དུས་ཀྱི་ཚ་གདུག་ཆེ་བའི་གནམ་གཤིས་ནང་ཕྱི་རོལ་དུ་བྱ་བ་སྒྲུབ་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་མངགས་བཅོལ་བྱས། 

གོ་རིམ་རྗེས་མར།   ཟུང་ཆུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་བཟོ་པར་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་སུ་བསྒྱུར་ནས། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་འགན་སྲུང་ཞབས་ཞུའི་བྱེད་ཐབས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་།  འབྲེལ་འདྲིས་ཞབས་ཞུའི་སྦྲེལ་ཟམ་བཙུགས་ཏེ་མྱུར་སྐྱེལ་པ་དང་ཟས་རིགས་སྐྱེལ་མཁན་སོགས་ལས་ཡུལ་དང་པོའི་ལས་སྒྲུབ་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཇེ་དྲག་ཏུ་གཏོང་རྒྱུ་རེད།

​ལྷ་མོ་ཚེ་རིང་གིས་བསྒྱུར།

ཟུང་ཆུ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། གསར་འགོད་པ། ཀྲང་ཁྲུན་ལེང་།