2026ལོའི་རིག་པའི་འབྱུང་གནས་གཡང་ཁྱིམ་ཛམ་ཐང་གི་རིག་གནས་ལུས་རྩལ་བྱེད་སྒོ་བདེ་བླག་ངང་མཇུག་བསྒྲིལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་གི2026ལོའི་རིག་པའི་འབྱུང་གནས་གཡང་ཁྱིམ་ཛམ་ཐང་གི་རྟ་རྒྱུག་འགྲན་སྡུར་སྐབས་བཅུ་གསུམ་པ་དང་། ཛམ་བྷ་ལ་རྟགས་མའི་གདན་ཞུའི་གཟེབ་གྲུག་འགྲན་སྡུར་བདེ་བླག་ངང་མཇུག་བསྒྲིལ། འགྲན་སྡུར་ཆེན་མོ་གཉིས་དུས་གཅིག་ལ་སྤེལ་བས་མི་ཚོགས་དང་འཛད་སྤྱོད། མཐུན་སྒྲིལ་བཅས་ཀྱིས་རྫོང་གི་འཕེལ་རྒྱས་ལ་ནུས་ཤུགས་ཕུལ།

ཟླ7པའི་ཚེས31ཉིན་དང་ཟླ8པའི་ཚེས1ཉིན། རྟ་རྒྱུག་འགྲན་སྡུར་དང་གཟེབ་གྲུག་འགྲན་སྡུར་གཉིས་སྔ་གཞུག་ཏུ་མཇུག་བསྒྲིལ། འགྲན་སྡུར་གཉིས་ཀྱིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས། དམངས་ཕན་དང་མཉམ་ལས་རང་བཞིན་ལྡན་ལ། ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན། ཞིན་ཅང་བཅས་ཞིང་ཆེན་བརྒལ་བའི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་སོ་སོའི་རིག་གནས་འདུ་ཤེས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་ཡོང་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་སྦྲེལ་ཟམ་བསྐྲུན་ཡོད།

ཛམ་ཐང་གི་ཁྱད་ལྡན་དུས་སྟོན་ཞིག་ཡིན་པའི་ཆ་ནས། ཛམ་བྷ་ལའི་རྟ་རྒྱུག་འགྲན་སྡུར་ཉིན་བཞི་ལ་སྤེལ་ཞིང་། རྔ་བ་དང་མཛོད་དགེ གསེར་རྟ། པདྨ་སོགས་རྫོང་ཁག12ནས་ཕེབས་པའི་རུ་ཁག་གི་རྟ་བ600ལྷག་དང་རྒྱུག་རྟ300ལྷག་ཞུགས་ཡོད། རྒྱུག་རའི་ནང་སྐྱ་རྩལ་དང་རྟ་ཕོའི་བང་གིས་མིག་ཡིད་འཕྲོག་པའི་ལྟད་མོ་ངོམ།

གཟེབ་གྲུག་འགྲན་སྡུར་གྱི་གདན་ཞུའི་གཞི་རྒྱ་སྔོན་གྱི་ཁུལ་གཉིས་རྫོང་བརྒྱད་ནས་ཞིང་ཆེན་གསུམ་དང་རང་སྐྱོང་ལྗོངས་གཅིག་ལ་རྒྱ་བསྐྱེད་ཡོད། འགྲན་སྡུར་གྱིས་དམངས་ཡོངས་ལུས་རྩལ་སྐུལ་བ་ཁོ་ན་མ་ཡིན་པར། མི་རིགས་སོ་སོའི་ཡར་བརྩོན་གྱི་སྙིང་སྟོབས་དང་འདུ་ཤེས་མཚོན་པར་བྱས།

ཛམ་ཐང་གིས་གོ་སྐབས་དང་བསྟུན་ནས2026ལོའི་ཛམ་བྷ་ལའི་འཛད་སྤྱོད་དུས་ཚིགས་སྤེལ། ས་གནས་ཀྱི་ཟ་ཁང་དང་སིལ་འཚོང་། ཞིང་བའི་ཁྱད་ལྡན་ཐོན་རྫས་བཙོང་མཁན་གྱི་ཚོང་ཁང140ལྷག་ཡོད་ལ། དམངས་ཕན་འཛད་སྤྱོད་འཛིན་ཤོག་ཉིས་ཁྲི་ཉིས་སྟོང་བྱིན་པའི་སྤྱིའི་རིན་ཐང་སྒོར་བཞི་འབུམ་ཉིས་ཁྲི་ཡིན་ཞིང་། སྣ་མང་འཛད་སྤྱོད་ལ་སྐུལ་འདེད་བྱས་ཏེ། མིག་སྔའི་བར་ཚོང་ཁང30ཡིས་འཛད་སྤྱོད་འཛིན་ཤོག་སྤྱད་ཡོད་ལ། སྔོན་དཔག་ལྟར་ན་རྫོང་ཡོངས་ཀྱི་འཛད་སྤྱོད་སྒོར་ས་ཡ་གཅིག་འབུམ་གཉིས་ཟིན་ཡོད།

ཛམ་ཐང་རྫོང་གིས་འདི་འདྲའི་འགྲན་སྡུར་གྱི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས། རིག་གནས་དང་ལུས་རྩལ། ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དམངས་ཕན་རིག་གནས་ལུས་རྩལ་གྱིས་མི་སེམས་བསྡུས་ལ་དཔལ་འབྱོར་གྱི་སྒུལ་ཤུགས་བསྐྲུན་ཏེ། འཛད་སྤྱོད་དང་མཐུན་སྒྲིལ། འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཡུན་གནས་སྒུལ་ཤུགས་བསྐྲུན་ཡོད།

   ཛམ་ཐང་རྫོང་སྨྱན་སྦྱོར་ལྟེ་གནས། གསར་འགོད་པ། སྐལ་བཟང་སྐྱབས།