ཐུན་རིན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས་ཞིང་པའི་ཡོང་འབབ་འཕར་བར་རོགས་རམ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས31ཉིན་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གཙོ་གནད་ནགས་རྩྭའི་ཐོན་ལས་ལས་གཞིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་དགུ་སྟོང་བདུན་བཞི་བརྒྱ་དོན་འཁྱོལ་བྱས་པ་དང་། སྐྱེ་ཁམས་བཅོས་སྐྱོང་དང་ཁྱད་ལྡན་ནགས་རྩྭའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར། མང་ཚོགས་ཕྱུག་འགྱུར་སོགས་ཕྱོགས་གསུམ་གྱི་དམངས་ཕྱུག་ཐབས་ལམ་ཞིག་བཏོད།

རྒྱུས་ལོན་པ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས་གླ་སྟར་དང་ཆང་བ་ལི་སོགས་རང་ཡུལ་གྱི་ལེགས་ཆ་ལྡན་པའི་ནགས་ཚལ་དང་རྩྭ་རིགས་ལ་དམིགས་པ་དང་། ཆེད་དོན་ལས་གཞིའི་མ་དངུལ་ལ་བརྟེན་ནས། ནགས་ཚལ་དང་རྩྭ་རིགས་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་སྒྱུར་བཀོད་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གླ་སྟར་སྤྱི་ཆིང200ཡི་ཕན་འབྲས་དམའ་བའི་ནགས་ཚལ་སྒྱུར་བཀོད་དང་ཆང་བ་ལིའི་སྐྱེ་ཁམས་དཔལ་འབྱོར་ནགས་ཚལ་སྤྱི་ཆིང133གྱི་སྤུས་འདེགས་རིམ་སྤོར་གྱི་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས། སྐྱེ་ཁམས་བསྒྱུར་བཀོད་ལས་གཞི་རབ་དང་རིམ་པས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྔོ་ཁེབས་གྲུབ་ཚུལ་ལེགས་བསྒྱུར་ནུས་ལྡན་བྱས་པ་དང་། ནགས་རིའི་མཛེས་ལྗོངས་དང་ཆུ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་སྲུང་མ་ལག་བརྟན་པོར་བཟོ་བ་བཅས་བྱས་པ་མ་ཟད། ད་དུང་བེད་མེད་དུ་ལུས་པའི་ནགས་སའི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་སུ་བཅུག་པ་དང་། ནགས་འདབས་ཐོན་ལས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ། ནགས་ཤིང་ལྟ་སྐོར་དང་། སྐྱེ་ཁམས་ཁམས་གསོ། རི་ཐང་སྤྲོ་གསེང་སོགས་རིག་གནས་ཡུལ་སྐོར་ཉམས་ལེན་རྣམ་གྲངས་མང་པོ་བཏོན་ནས། སྐྱེ་ཁམས་ནགས་ས་དེ་ཞིང་པའི་ཡོང་འབབ་འཕར་བར་རོགས་རམ་བྱེད་པའི“ཐོན་ཁུངས་ཀྱིས་ཕྱུག་པའི་ཡུལ་ལུང”དུ་འགྱུར་བར་བྱས་ནས། སྐྱེ་ཁམས་དང་ཐོན་ལས། རིག་གནས་ཡུལ་སྐོར། དམངས་འཚོ་བཅས་ཀྱི་ཕན་འབྲས་མང་པོ་གཅིག་ཐོག་གཅིག་བརྩེགས་ཡོང་བར་བྱས།

སྐྱེ་ཁམས་དགེ་མཚན་ལེགས་པོར་གཞི་ཚུགས་ཏེ། ཐུན་རིན་གྲོང་ཁྱེར་གྱིས་སྐྱེ་ཁམས་དང་ཐོན་ལས། རིག་གནས་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ནགས་རྩྭའི་ཐོན་ལས་ཀྱི་ཡིག་ཚགས་རིམ་སྤོར་ལ་སྐུལ་འདེད་བཏང་། ཤར་ནུབ་ནགས་ར་ཆེན་པོ་གཉིས་སྤྱི་གླིང་ཅན་དུ་འགྱུར་བའི་སྤུས་ཚད་མཐོ་རུ་གཏོང་བར་གཙོ་གནད་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་གསོ་སྐྱོང་དང་། ནགས་ཚལ་ཁམས་གསོ། རང་བྱུང་ཚན་རིག་ཁྱབ་གདལ། ལྟ་སྐོར་སྤྲོ་གསེང་སོགས་ཀྱི་བྱེད་ནུས་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་ཆ་འགྲིག་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། རེབ་གོང་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་དང་ནགས་ཚལ་སྐྱེ་ཁམས་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱེད་པ། བྱེད་ནུས་མང་བའི་གྲོང་ཁྱེར་ཉེ་འདབས་ཀྱི་སྐྱེ་ཁམས་སྤྱི་གླིང་བསྐྲུན་པ། གྲོང་ཁྱེར་གྱི་སྐྱེ་ཁམས་སྤྲོ་གསེང་གི་ཞན་ཆ་གསབ་པ། མང་ཚོགས་ཀྱི་ལྗང་མདོག་བདེ་སྡོད་དང་འཚམ་པའི་བར་སྟོང་རྒྱ་བསྐྱེད་དགོས།

ཐུན་རིན་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐུན་རིན་གྲོང་ཁྱེར་གྱིས་ནགས་རའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི“དྭངས་གཙང་རྨ་ཆུའི”ཡུལ་སྐོར་རྒྱུད་ཀྱི་སྤྱི་ཡོངས་བཀོད་སྒྲིག་ནང་བཅུག་ནས། ཡུལ་སྐོར་ཐོན་རྫས་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། ད་དུང་ནགས་འདབས་དཔལ་འབྱོར་དང་ནགས་ཚལ་ཡུལ་སྐོར་སོགས་ལྗང་མདོག་ལས་རྣམ་སྐྱེད་སྲིང་བྱས་ནས། ནགས་ལས་ཐཱན་འདུས་ལས་གཞི་གསར་སྤེལ་དང་ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་རྒྱུ་དང་། རྨ་ཆུའི་སྟོད་རྒྱུད་དུ་བདེ་སྡོད་དང་ཡུལ་སྐོར་ལ་འཚམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མཐོ་ས་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། གྲོང་ཁྱེར་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་རྒྱུར་རོགས་རམ་བྱས་ཟེར།

ཤ་བོ་རིན་མཚོས་བསྒྱུར།