གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་སྡུར་སྐབས44ཚོགས་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས25ཉིན། 2026ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཡུལ་སྐོར་རིག་གནས་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་སྡུར་སྐབས44པ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཕྱོགས་བསྡུས་ལུས་རྩལ་ཐང་ཆེན་དུ་དངོས་སུ་ཚོགས་འགོ་བརྩམས།

བྱེད་སྒོ་རྒྱལ་དར་བསྒྲེངས་པ་དང་རྒྱལ་གླུ་ལེན་པའི་བརྗིད་ཉམས་ཀྱི་རྣམ་པའི་ཁྲོད་འགོ་བརྩམས་ཤིང་། ཁ་དོག་སྣ་བདུན་གྱི་ཚོན་དུད་ནམ་མཁར་འཕྱུར་ཞིང་སྐྱ་མིའི་རུ་ཁག་གིས་ཏང་དར་དང་རྒྱལ་དར་མཐོན་པོར་བཏེགས་ནས་ཚོགས་རར་ཞུགས། རྔ་སྒྲ་དང་ཐལ་མོའི་རྡེབ་སྒྲ། རྟའི་འཚེར་སྐད་བཅས་མཉམ་དུ་འདྲེས་ཏེ་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་རབ་ཏུ་ཁོལ་བར་གྱུར། ཐེངས་འདིའི་འགོ་རྩོམ་རིག་རྩལ་འཁྲབ་སྟོན་ནི“ལོ་ངོ་སྟོང་ལ་བླ་ཤིང་སྲུང་། རྟ་མཆོག་ཁྲི་ཡིས་དུས་རབས་བསྟོད”ཅེས་པ་བརྗོད་དོན་བྱས་ཡོད་ལ།“གཙང་བོའི་འབྱུང་ཁུངས་ཀྱི་བླ་ཤིང”ཞེས་པ་བརྗོད་བྱ་གཙོ་བོ་བཟུང་ཡོད། ལེའུ་ཆེན་པོ་དྲུག་ཏུ་དགར་ཡོད་ཅིང་། འཁྲབ་སྟོན་པ་མི6200ལྷག་ཡོད། འཁྲབ་སྟོན་འདི་ནི་གཙང་གསུམ་འབྱུང་ཁུངས་ལ་མོས་གུས་བྱེད་པའི་མཛད་སྒོ་ལས་འགོ་བརྩམས་ཤིང་། རིམ་བཞིན་འབྲོག་པའི་དཔལ་ཡོན་དང་ཐང་བོད་གནའ་ལམ། གེ་སར་སྒྲུང་སོགས་ས་གནས་རིག་གནས་ཀྱི་ནང་དོན་འཁྲབ་སྟོན་བྱས། མི་རབས་གསུམ་གྱིས་ཨ་ཆེན་གངས་རྒྱབ་སྐོར་ཞིབ་སྲུང་སྐྱོབ་མཁན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་མངོན་ཡོད་ལ། མི་ཆིག་སྟོང་ལྷག་གིས་མཉམ་དུ《བླ་ཤིང》ཞེས་པའི་གླུ་གཞས་བླངས་ནས་གཙང་གསུམ་འབྱུང་ཁངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བསམ་འདུན་མཚོན་པར་བྱས། འཁྲབ་སྟོན་མཇུག་སྒྲིལ་སྐབས་ཡུལ་དངོས་ཀྱི་མང་ཚོགས་ཡོངས་ཀྱིས་མཉམ་དུ་ཞབས་བྲོ་འཁྲབ་པ་དང་ཆབས་ཅིག《ཡང་བསྐྱར་གླུ་དབྱངས་ཏང་ལ་འབུལ》ཞེས་པའི་གླུ་དབྱངས་བླངས་ཏེ། མི་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་ཀྱི་མཛེས་སྡུག་རི་མོ་བྲིས།

ཐེངས་འདིའི་དགྱེས་འཛོམས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་ཀྱི་ཚད་ཤིང་དང་། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དམངས་སྲོལIPགཉིས་ཀྱི་ཁྱད་ལྡན་སྤུས་རྟགས་བསྐྲུན་ཡོད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་ཟླ་བརྒྱད་པའི་ཟླ་དཀྱིལ་བར་དུ་རྒྱུན་བསྲིང་རྒྱུ་རེད་ལ། ད་དུང་རྟ་རྩལ་འགྲན་སྡུར་དང་། རྟ་རྒྱུག་འགྲན་སྡུར། རི་སྐྱེས་སྲོག་ཆགས་པར་ལེན་འགྲེམ་སྟོན། རྫ་ཆུ་དང་མེ་ཀུང་ཆུ་བོ་རྒྱལ་སྤྱིའི་བརྙན་རིས་གཟའ་འཁོར། སྐོར་བྲོ་དང་དམངས་གླུའི་འཁྲབ་སྟོན་སོགས་སྣ་མང་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ། ཕྱོགས་ཡོངས་ནས་གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།