
ཟླ7པའི་ཚེས24ཉིན། 2026ལོའི་དྲུག་པའི་ཀླུ་རོལ་དང་རོང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་རྟ་རྒྱུག་ར་བ་ནས་འགོ་བརྩམས།
དྲུག་པའི་ཀླུ་རོལ་ནི་ཐེམ་ཆེན་རྩྭ་ཐང་གི་མི་རབས་ནས་མི་རབས་ལ་བརྒྱུད་པའི་མི་རིགས་རིག་གནས་ཀྱི་དགྱེས་སྟོན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། ཐེམ་ཆེན་རྫོང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཡུལ་སྐོར་རྫོང་ཆེན་གྱི་འཐབ་ཇུས་ལག་བསྟར་བྱས་ནས། སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་ཚུགས་ཏེ། མི་རིགས་རིག་གནས་ཀྱི་ནང་སྙིང་སྔོག་འདོན་གཏིང་ཟབ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཕན་འབྲས་ཆེར་གཏོང་། ཡུལ་སྐོར་འཕེལ་རྒྱས་བཅས་མཉམ་གཅིག་ཏུ་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད།
བྱེད་སྒོ་འདི་ཐེམ་ཆེན་རྫོང་ཏང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་བཟུང་སྟེ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་ཟབ་འདྲེས་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས། གཅིག་བསྡུས་སྒོས་ཐེམ་ཆེན་རྫོང་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་གཏན་འཇགས། ཐོན་ལས་དར་རྒྱས། སྐྱེ་ཁམས་བདེ་སྡོད་བཅས་ཀྱི་རྣམ་པ་མངོན་ཡོད། འགྲན་སྡུར་ནི་ཉིན་ལྔ་ཡིན་ལ། དེ་རུ་རྟ་རྒྱུག་དང་གཡག་རྒྱུག གླང་ཆེན་ས་གཤག ཐག་འཐེན། བོད་འགྱིག་སོགས་སྲོལ་རྒྱུན་འགྲན་སྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་ལ། དུས་མཉམ་དུ་བོད་ཀྱི་གཏམ་དཔེ་འགྲན་སྡུར་དང་། ལ་གཞས་འགྲན་སྡུར། སྐོར་བྲོ་གདན་ཞུ་འགྲན་སྡུར། མི་རིགས་རྒྱན་གོས་འགྲེམ་སྟོན། ནོར་གནག་རྒྱུད་བཟང་འགྲེམ་སྟོན། ཐེམ་ཆེན་སྣང་བརྙན་པར་རྩལ་འགྲེམ་སྟོན། སྐར་ཚོགས་བྲག་ལུང་རོལ་དབྱངས་སྤྲོ་ཚོགས་སོགས་རིག་གནས་བྱེད་སྒོ་ཉི་ཤུ་ལྷག་སྤེལ་བཞིན་ཡོད།
འགྲན་རའི་ཉེ་འཁོར་དུ་ཆེད་དུ་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁུལ་དང་། ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཁུལ། ཞིམ་ཟས་རོལ་མྱོང་ཁུལ་བཅས་བཙུགས་ཡོད་ཅིང་། གཅིག་བསྡུས་སྒོས་ཐེམ་ཆེན་བོད་ལུག་དང་། ཐེམ་ཆེན་ནོར་གནག་སོགས་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་འོས་སྦྱོར་བྱས་ནས། ལུས་རྩལ་འགྲན་སྡུར་དང་། རིག་གནས་ཡུལ་སྐོར། ལྗང་མདོག་ཕྱུགས་ལས་མཉམ་འདྲེས་གཏིང་ཟབ་འབྱུང་བར་སྐུལ་སྤེལ་བྱས། བྱེད་སྒོའི་སྐབས་སུ། ད་དུང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་ཐེམ་ཆེན་བོད་རིགས་ནོར་གནག་སྦྲ་གུར་འཐག་རྩལ་འགྲེམ་སྟོན་བྱས་ཏེ། ཡུལ་སྐོར་བ་རྣམས་ལ་མཐོ་སྒང་འབྲོག་ལས་རིག་གནས་ཀྱི་གཟི་དཔལ་སེམས་ལ་སིམ་དུ་འཇུག་རྒྱུ་རེད།