མཚོ་སྔོན་གྱི་ལོ་ཏོག་སོན་བཟང་ཁྱབ་ཚད98.2%ཟིན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། གསར་འགོད་པས་ཚོགས་འདུ་ལས་ཤེས་གསལ་ལྟར་ན། 2021ལོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་མཐོ་སྒང་ཁྱད་ལྡན་སོན་ལས་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སོན་ཁུངས་བདེ་འཇགས་དང་། ཚན་ཞིབ་གསར་གཏོད། སོན་བཟང་ཁྱབ་གདལ་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་འགག་སྒྲོལ་ལ་དམིགས་ནས། སོན་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བརྟེན་ནས། ཞིང་ཆེན་དང་པུའུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་མཉམ་སྐྲུན་བྱ་རྒྱུར་ཚན་རྩལ་གྱི་སྒུལ་ནུས་ཆེན་པོ་བསྩལ་བས། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད98.2%ཟིན་ཡོད།

ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱིས་ཞིང་ལས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། མཐོ་སྒང་གི་ཞིང་ཕྱུགས་ལས་ཀྱི་ཚན་ཞིབ་དང་། སོན་བཟང་གསོ་སྤེལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བཅས་བྱེད་པའི་རིམ་པ་མང་བའི་གསར་གཏོད་ལས་སྟེགས་སྔ་རྗེས་སུ་བསྐྲུན་པ་དང་། སོན་ལས་ཀྱི་ཚན་རྩལ་རྣམ་གྲངས337ལ་མ་དངུལ་བཏང་བས། ཚན་རྩལ་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་པ་དང་། ཆེད་མཁས་པ་དང་ཞིང་ལས་ལག་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་བྱེད་པོ་བཅས་ཀྱི་ལག་རྩལ་ཞབས་ཞུའི་རྣམ་པ་དང་། ལས་བྱེད་ཞིང་ལས་ལག་རྩལ་མི་སྣས་སྡེ་བ་འགན་གཙང་ལེན་དང་ཁྱིམ་ཚང་མཉམ་འབྲེལ"་གྱི་ལས་ཀའི་རྐྱེན་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་བཞག་ཚད་བརྒྱ་ཆའི61ཏུ་འཕར་ཡོད། ནོར་གནག་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ད་ལོར་མཚོ་སྔོན་གྱིས་ནོར་གནག་གི་མཐོ་སྒང་གཅེས་ནོར་ཞེས་པའི་ཐུན་མོང་མ་ཡིན་པའི་རིན་ཐང་སྔོག་འདོན་མཐོར་འདེགས་འཆར་གཞི་དངོས་སུ་ལག་བསྟར་བྱས་ཏེ། མཐོ་སྒང་ཕྱུགས་རིགས་ཐོན་ལས་འཕེལ་རྒྱས་ཀྱི་བག་ཤུགས་སྔོག་འདོན་གཏིང་ཟབ་བྱས།

ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གསོ་སྤེལ་ཆ་རྐྱེན་ལ་བརྟེན་ནས། སོན་གསོ་རྒྱུད་སྤེལ་གྱི་ལྟེ་བའི་ལེགས་ཆ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། མིག་སྔར་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་ལོ་ཏོག་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྱར་ཡིག་མཛོད་གཅིག་པུ་དེ་མཚོ་སྔོན་དུ་བསྒྱུར་སྐྲུན་རྒྱས་སྐྲུན་ལེགས་འགྲུབ་བྱུང་བ་དང་། རྫོང་བཞི་རྒྱལ་ཡོངས་ཀྱི་སོན་བཟོའི་རྫོང་ཆེན་གྱི་སྐྱེད་སྲིང་མིང་ཐོའི་ནང་བཅུག་པ་དང་། ཁེ་ལས་གཉིས་རྒྱལ་ཁབ་ཀྱི་སོན་ལས་རྣམ་པའི་ཁེ་ལས་ནང་བདེ་བླག་ངང་བདམས་ཐོན་བྱུང་ནས། ཐོན་ལས་ཀྱི་སྣེ་འདྲེན་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་ཡོད། རང་བརྟེན་གསོ་སྤེལ་བྱས་པའི"མཚོ་སྔོན་གྱི་འདྲེས་སྦྱོར"རིགས་ཀྱི་ལོག་དཀར་རིགས་སྣ་ཁྱབ་གདལ་གཏོང་བའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ལོག་དཀར་གྱི་སྤྱིའི་རྒྱ་ཁྱོན་གྱི85%ཟིན་པ་དང་། མཚོ་སྔོན་ཞོག་ཁོག་ཨང9པ་བསྟུད་མར་ལོ་བཞིའི་རིང་རྒྱལ་ཡོངས་ཀྱི་ཞོག་ཁོག་གཙོ་འདེད་རིགས་སྣའི་ཨང་དང་པོར་སླེབས་ཡོད། ལོག་དཀར་སོན་བཟང་དང་། ཤ་མོ་འབུ་ཕྲ། ལི་གྲོ་ས་བོན་བཅས་ཕྱི་རྒྱལ་དུ་ཕྱིར་འཚོང་བྱས་པ་དང་། མཚོ་སྔོན་གྱི་རྒྱལ་ཡོངས་ཞིང་ལས་སོན་གསོའི"བྱང་རྒྱུད་གསོ་སྤེལ་རྟེན་གཞི"འཛུགས་སྐྲུན་བྱེད་པར་གོམ་སྟབས་མྱུར་ལ་བརྟན་པོ་བྱུང་ཡོད།

མཐོ་སྒང་ཁྱད་ལྡན་ཕྱུགས་རིགས་སྲུང་སྐྱོབ་དང་འདེམས་གསོའི་ཁྱབ་ཁོངས་སུ། ཞིང་ཆེན་ཡོངས་ཀྱིས་ནོར་གནག་རྒྱུད་དག་སླར་གསོ་དང་བོད་ལུག་གི་རྒྱུད་འདེམས་ལས་གཞི་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། རྒྱུད་རྒྱུ་ཐོན་ཁུངས་སྲུང་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཏེ། ད་ལྟ་རྒྱལ་ཁབ་རིམ་པའི་ཕྱུགས་རིགས་རྒྱུད་སྲུང་ར་བ4དང་། ཞིང་ཆེན་རིམ་པའི་རྒྱུད་སྲུང་ར་བ10ཡོད་པས། ལོ་ལྟར་རྒྱུད་བཟང་གཡག5000དང་རྒྱུད་བཟང་ཁྲོམ8000གཏན་ཆགས་ངང་མཁོ་འདོན་ཐུབ་ཀྱིན་ཡོད། རྒྱུད་རྒྱུ་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་མཚོན་རྟགས་རང་བཞིན་གྱི་ཐོད་བརྒལ་བྱུང་ནས། རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི"མཚོ་ལྷེབ་ཨང་དང་པོ"30Kཡི་ནོར་གནག་རྒྱུད་གསོའི་ཉིང་ལྷེབ་ལག་རྩལ་གྱི་ཆུ་ཚད་རྒྱལ་སྤྱིའི་སྔོན་གྲལ་དུ་སླེབས་པ་དང་། ནོར་གནག་གི་ཁམས་དཀར་སྤྲོད་ཚད60%ལས་བརྒལ་ཞིང་། བོད་ལུག་གསོ་སྤེལ་གྱི་ཕན་འབྲས་མཆོང་སྐྱོད་ལྟ་བུའི་མཐོ་རུ་ཕྱིན་ནས། མ་མོ་གསོ་སྤེལ་གྱི་དུས་འཁོར་དེ་སྲོལ་རྒྱུན་གྱི"ལོ་གཅིག་ལ་ཐེངས་གཅིག་བཙའ་བ"ནས"ལོ་གསུམ་ལ་ཐེངས་ལྔ་བཙའ་བའི"བར་ཇེ་ལེགས་སུ་ཕྱིན་ནས། མཐོ་སྒང་ཁྱད་ལྡན་ཕྱུགས་རིགས་ཀྱི་སྤུས་འདེགས་ཕན་སྐྱེད་ལམ་བུ་རྒྱ་ཆེ་རུ་གྱུར་ཡོད།