
ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ན་གཞོན་འཇོན་མི་མཚོ་བྱང་དུ་ཡོང་ནས་དབྱར་གནང་སྐབས་སུ་བསམ་བློ་བརྗེ་རེས་ཀྱི་དངོས་སྦྱོང་བྱེད་པའི་བྱེད་སྒོ་འགོ་རྩོམ་པའི་མཛད་སྒོ་དང་། སློབ་གྲྭ་དང་ས་གནས་ཀྱི་འཇོན་མི་ནང་འདྲེན་གསོ་སྐྱོང་གི་དངོས་སྦྱོང་རྟེན་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས།
མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་འཇོན་མིའི་སྟོབས་ལྡན་ཁུལ་གྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་པ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཆིན་ཧྭ་སློབ་ཆེན་གྱི་སྤྱི་ཚོགས་ལག་ལེན་རྟེན་གཞི་བཙུགས་པ་དང་། པེ་ཅིང་སློབ་ཆེན་དང་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། དེ་བཞིན་ཧྲན་ཏུང་གི་མཐོ་རིམ་སློབ་གྲྭ་མང་པོའི་བར་རྒྱུན་རྣམ་ཅན་གྱི་འཇོན་མིའི་རོགས་ལས་བྱེད་ཐབས་ལག་བསྟར་བྱས་ནས་ལས་ཞུགས་ལྟ་སྦྱོང་རྟེན་གཞི56བཙུགས། ཧྲན་ཏུང་དང་མཚོ་སྔོན་གྱི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ལག་རྩལ་ཞིབ་འཇུག་གླིང་དང་འབུམ་རམས་པའི་བྱ་བའི་ས་ཚིགས་སོགས་ནུས་རིམ་མཐོ་བའི་སྟེགས་བུ་བསྐྲུན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། ཧྲན་ཏུང་གིས་བསྡོམས་པས་སློབ་གསོ་དང་སྨན་བཅོས། ཞིང་ཕྱུགས་བཅས་ཐད་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི600ལྷག་བདམས་མངག་བྱས།
མཚོ་བྱང་ཁུལ་གྱིས་ཁྱད་ལྡན་སྨན་བཅོས་ཐོན་ཁུངས་ལ་བརྟེན་ནས་ས་གནས་དང་སློབ་གྲྭའི་རོགས་ལས་ཐད་ལག་ལེན་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས། ཐེངས་འདིའི་ན་གཞོན་འཇོན་མིའི་དབྱར་གནང་སྐབས་ཀྱི་བསམ་བློ་བརྗེ་རེས་ཀྱི་དངོས་སྦྱོང་དང་འཇོན་མི་ནང་འདྲེན་གསོ་སྐྱོང་རྟེན་གཞིའི་གན་རྒྱ་བཞག་པ་དེས་ཧྲན་ཏུང་དང་མཚོ་སྔོན་གྱི་ས་གནས་དང་སློབ་གྲྭའི་རོགས་ལས་དེ་དུས་རིམ་རང་བཞིན་གྱི་རོགས་སྐྱོར་ནས་ལམ་ལུགས་ཅན་མཉམ་སྐྲུན་དང་མི་སྣའི་རོགས་སྐྱོར་དེ་འཇོན་མི་མཉམ་གསོའི་ཕྱོགས་སུ་བསྐྱོད་དེ། ཧྲན་ཏུང་དང་མཚོ་སྔོན་གྱིས་མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་སྤེལ་གཏོང་བའི་འཐབ་ལམ་གསར་པ་འགོ་བརྩམས་པ་མཚོན།
བྱེད་སྒོའི་ཁྲོད། མཚོ་བྱང་ཁུལ་དང་མཐོ་རིམ་སློབ་གྲྭ5ཡིས་སློབ་གྲྭ་དང་ས་གནས་ཀྱི་འཇོན་མི་ནང་འདྲེན་གསོ་སྐྱོང་དངོས་སྦྱོང་རྟེན་གཞི་མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། བསམ་བློ་བརྗེ་རེས་ཀྱི་དངོས་སྦྱོང་སློབ་མའི་འཐུས་ཚབ་དང་དང་ལེན་ལས་ཁུངས་ཀྱི་འཐུས་མིས་སོ་སོར་གཏམ་བཤད།
ཧྲན་ཏུང་སློབ་ཆེན་ཆི་ལུའུ་སྨན་ཁང་དང་ཀྲུང་གོ་རྒྱ་མཚོའི་སློབ་ཆེན། ཧྲན་ཏུང་ཞིང་ལས་སློབ་ཆེན། ཧྲན་ཏུང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཆིན་ཏའོ་ཞིང་ལས་སློབ་ཆེན་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ། མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་སློབ་གསོ་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། གུང་གཞོན་ཚོགས་པ་ཁུལ་ཨུ་ཡོན་ལྷན་ཁང་སོགས་ཀྱི་འགན་ཁུར་བློ་མཐུན། རྫོང་ཏང་ཨུའི་རྩ་འཛུགས་པུའུ་སོ་སོའི་འགན་ཁུར་བློ་མཐུན། བསམ་བློ་བརྗེ་རེས་ཀྱི་དངོས་སྦྱོང་སློབ་མ་དང་ལེན་ལས་ཁུངས་དང་གཙོ་སྐྱོང་སྡེ་ཁག་གི་འགན་ཁུར་བློ་མཐུན། དེ་བཞིན་དབྱར་གནང་སྐབས་ཀྱི་བསམ་བློ་བརྗེ་རེས་ཀྱི་དངོས་སྦྱོང་ལ་ཞུགས་པའི་སློབ་ཆེན་སློབ་མ་སོགས་བྱེད་སྒོར་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།