ལོ་སྟོད་དུ་མཚོ་སྔོན་གྱིས་རོགས་སྐྱོབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་གཅིག་སྤྲད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ7པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་མ་མཐའི་འགན་སྲུང་དང་། དམིགས་བསལ་བདག་སྐྱོང་བྱ་ཡུལ་བསྡོམས་པས་མི་འབུམ་གསུམ་དང་ཁྲི་དགུ་སྟོང་གཅིག་དྲུག་བརྒྱ་ཡོད་ཅིང་། གནས་སྐབས་རོགས་སྐྱོབ་བྱས་པ་མི་ཁྲི་ལྔ་དང་སྟོང་གཉིས་བདུན་བརྒྱར་སླེབས་ལ། ལོ་སྟོད་དུ་རིགས་སྣ་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྤྲད་པ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་དགུ་ས་ཡ་གཅིག་ལ་སླེབས།

ད་ལོའི་ལོ་སྟོད་དུ། མཚོ་སྔོན་གྱི་སྡེ་ཁག་བདུན་གྱིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་རིམ་དགར་རིགས་དགར་རོགས་སྐྱོབ་རོགས་སྐྱོར་སྲིད་ཇུས་གསལ་ཐོ》བཏོན་པ་དང་། མ་ལག་ལྡན་པའི་སྒོ་ནས་གཞི་རྩའི་འཚོ་བ་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། ལས་ཞུགས། གནོད་ཐེབས། ནད་བཅོས་འཕྲལ་བསྟུན་སོགས་རིགས་ཆེན་པོ་བརྒྱད་དང་རྣམ་གྲངས55ཡི་རོགས་སྐྱོབ་རྣམ་གྲངས་གཅིག་བསྡུས་བྱས་ཤིང་། རྣམ་གྲངས་རེ་རེ་བཞིན་ཞུགས་ཆོག་ཚད་གཞི་དང་། འགྲོ་ལུགས་སྒྲུབ་རིམ། འགན་སྲུང་ཐོབ་ཆ། བར་ཁྱད་ཅན་གྱི་ཁ་གསབ་བཅས་ཀྱི་སྲིད་ཇུས་གཏན་འཁེལ་བྱས་ཏེ། རོགས་སྐྱོབ་སྲིད་ཇུས་དེ་སྲིད་ཇུས་གཅིག་འདུ་དང་། མིག་བལྟས་ལག་ཟིན། རྡེབ་ཐེངས་གཅིག་གིས་བཤེར་ཐུབ་པ་བཅས་བྱས། དུས་མཉམ་དུ་རོགས་སྐྱོབ་བདེ་སྐྱིད་གསལ་ཐོ་གཏན་འཁེལ་བྱས་ནས། སྲིད་ཇུས་རོགས་སྐྱོར་དང་དམངས་ཕན་ཞབས་ཞུ་གཅིག་ཏུ་འབབ་པ་སྐུལ་འདེད་བཏང་བ་དང་། དྲ་ཐོག་ཏུ་ཡོང་འབབ་དམའ་བའི་མི་འབོར་གནས་ཚུལ་བརྟག་བཤེར་སྟེགས་བུ་བརྟེན་ཞིང་། ཡུལ་དངོས་སུ་བདེ་སྐྱིད་གསལ་ཐོ་དེ་ཁྱིམ་སྒོ་གྱང་ངོར་སྦྱར་ནས། གཞི་རིམ་ལས་བྱེད་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་རེ་རེར་ཕྱིན་ནས་གནད་དུ་འཁེལ་བར་ཡིག་བྱང་སྦྱར་བ་དང་། རོགས་སྐྱོབ་སྲིད་ཇུས་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། རེག་ཐུབ་པ། རྩིས་གསལ་བ་བཅས་ལ་ཁག་ཐེག་བྱས་ནས། མིས་སྲིད་ཇུས་འཚོལ་བ་དེ་སྲིད་ཇུས་ཀྱིས་མི་འཚོལ་བར་གྱུར་ཡོད།

ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་སྟེགས་རིམ་སྤར་ལེགས་སྒྱུར་བྱས་པ་དང་། ལས་ཤོར་དང་གྲངས་འབོར་ཆེ་བའི་སྨན་བཅོས་གཏོང་སྒོ་སོགས་དཀའ་ངལ་ཆེ་བའི་ཉེན་ཟོན་སྔོན་བརྡ་གཏོང་བའི་དམིགས་ཚད་གསར་སྣོན་བྱས་ཤིང་། རོགས་སྐྱོབ་འགན་སྲུང་བྱ་ཡུལ་མི519གསར་སྣོན་བྱས་པ་དང་། ཆ་རྐྱེན་དང་མི་མཐུན་པའི་མི122གཙང་བཤེར་ཕྱིར་སློག་བྱས་ཏེ། འགན་སྲུང་བྱ་དགོས་རིགས་འགན་སྲུང་དང་ཕྱིར་སློག་བྱ་དགོས་རིགས་ཕྱིར་སློག་གང་ཐུབ་བྱས་ཡོད། དེ་དང་ཆབས་ཅིག་རོགས་སྐྱོབ་མ་དངུལ་སྤྲོད་པའི་འཕྲིན་ཐུང་བརྡ་སྦྱོར་དོན་འཁྱོལ་བྱས་ནས། མང་ཚོགས་ལ་རོགས་སྐྱོབ་མ་དངུལ་སྤྲོད་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ། མ་དངུལ་སྤྲོད་པའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་དང་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པ་དང་ཞིབ་བཤེར་ཐུབ་པར་འགན་སྲུང་བྱས་པ་རེད།

རོགས་སྐྱོབ་རེ་ཞུ་སྒྲུབ་པ་ཚད་ལྡན་མིན་པ་དང་། ཞིབ་བཤེར་མཆན་འགོད་དུས་ལས་བརྒལ་བ། སྟབས་བདེ་ཅན་དང་གཅིག་དཔེ་བརྒྱ་འགེབས་སོགས་མང་ཚོགས་ཉེ་འགྲམ་གྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་གནད་ལ་མི་འཁེལ་བའི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་པ་དང་། སྒྲིག་འགལ་བྱས་པའི་འགན་སྲུང་མི་སྣ99གཙང་བཤེར་ཕྱིར་སློག་བྱས། རོགས་སྐྱོབ་ཡིག་བསྐུར་ངོ་བཅར་དང་ཐད་སྦྲེལ་ཁ་པར་གྱི་ཞུ་གཏུག་ཐག་གཅོད་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ནས། ནོར་སྲིད་སྡེ་ཁག་དང་མཉམ་འབྲེལ་ཐོག་མ་དངུལ་གཏོང་སྤྲོད་དང་གཏོང་སྤྲོད་ཀྱི་བྱ་རིམ་ཁག་ལ་དམ་པོར་དམིགས་ཏེ། མ་དངུལ་བེད་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱས་ནས། རོགས་སྐྱོབ་ཐོན་ཁུངས་ཀྱིས་དྲང་སྙོམས་དྲང་གཞག་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་ཐོགས་རྒྱུའི་འགན་སྲུང་བྱས།