ཀྲུང་གོ་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཚོགས་དེང་རབས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཆེད་ལས་ཨུ་ཡོན་ལྷན་ཁང་དབུ་བརྙེས་ནས་ལོ40འཁོར་བའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ7པའི་ཚེས4ཉིན། ཀྲུང་གོ་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཚོགས་དེང་རབས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཆེད་ལས་ཨུ་ཡོན་ལྷན་ཁང་དབུ་བརྙེས་ནས་ལོ40འཁོར་བའི་བགྲོ་གླེང་ཚོགས་འདུ་དང་། 2026ལོའི་ལོ་ཚོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭས་གཙོ་འགན་འཁུར་བ་ཞིག་ཡིན་པ་དང་། རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང་བརྒྱ་ལྷག་གནའ་མཁར་ཟི་ལིང་དུ་འཛོམས་ཏེ། འབྲེལ་ཡོད་གྲོས་དོན་གལ་ཆེན་ལ་དམིགས་ནས་བགྲོ་གླེང་ནན་མོ་བྱས།

བགྲོ་གླེང་ཚོགས་འདུའི་སྐབས་སུ། ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཚང་མས་མགྲིན་གཅིག་གིས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོའི་སྟེང་ནས་རྐང་བཙུགས་ཏེ། ལོ་རྒྱུས་དང་ད་ལྟ། འབྱུང་འགྱུར་བཅས་འབྲེལ་མཐུད་གང་ལེགས་བྱས་ཡོད་ཅིང་། དེས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། བརྗོད་དོན་གཏམ་བཤད་ཀྱི་སྐབས་སུ། ཀྲུང་གུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭ་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཀྲུང་གོ་མི་དམངས་སློབ་ཆེན། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་གླིང་། ཧྲན་ཏུང་སློབ་ཆེན་སོགས་ལས་ཁུངས་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང་བཅུ་ལྷག་གིས་འབྲེལ་ཡོད་མདུན་གྲལ་གྱི་གྲོས་དོན་ལ་དམིགས་ཏེ། ངོ་མཚར་ཆེ་བའི་སྙན་ཞུ་ཕུལ།

བགྲོ་གླེང་ཚོགས་འདུ་འཚོགས་པའི་ཉིན་དེར། ཡན་ལག་གླེང་སྟེགས་གཉིས་དུས་གཅིག་ཏུ་སྤེལ་ནས། “དེང་རབས་མ་རྩ་རིང་ལུགས་ཀྱི་ཉམས་ཉེན་དང་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ”དང་། “འཛམ་གླིང་སྤྱི་ཚོགས་རིང་ལུགས་དང་གཡོན་རུའི་སྲིད་ཏང་གི་འཕེལ་རྒྱས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ལ་དམིགས་ཏེ། སྤྲོ་སེམས་འཁོལ་བའི་ངང་ནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་པ་དང་། ཚོགས་ཞུགས་མཁས་དབང་ཚོས་རང་ངོས་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་པ་དང་། བརྗོད་དོན་གཙོ་བོ་ཆེན་པོ་གཉིས་དང་འབྲེལ་བ་ཡོད་པའི་སྲོག་ཤིང་གནད་དོན་ཐད་ནས་བསམ་བློ་གཙུབ་བརྡར་བྱས་ནས། འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་མདུན་གྲལ་གནས་ཚུལ་དང་འཕེལ་རྒྱས་ཁ་ཕྱོགས་སྔར་ལས་གསལ་པོར་བཟོས།

ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་མགྲིན་གཅིག་གིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུ་ནི་ཆེད་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ40འཁོར་བའི་རིང་གི་རིག་གཞུང་རྒྱུན་འཛིན་ལ་ཕྱིར་དྲན་བྱས་པ་ཞིག་ཡིན་ལ། འཐབ་ལམ་གསར་པའི་སྟེང་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་སྔར་ལས་གང་མང་བཏོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།