
ཟླ7པའི་ཚེས4ཉིན། མཐོ་སྒང་རྐང་གྲུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་མཚོ་སྔོན་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་ཚོགས། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཐེངས26པའི་མཚོ་སྔོན་འབུམ་རམས་པའི་ཞབས་ཞུ་ཚོགས་པ། མཚོ་སྔོན་ཞིང་ཆེན་རྐང་གྲུག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་རྩལ་འགྲན་ལས་གཉེར་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། འབུམ་རམས་པའི་འཇོན་རིག་གཅིག་ཏུ་བསྡུས་ནས། མཐོ་སྒང་རྐང་གྲུག་ལ་ནུས་པ་སྩོལ་བ་སྲོག་ཤིང་དུ་བཟུང་སྟེ། མཚོ་སྔོན་གྱི་ཞིང་ཆེན་གནས་བབ་དང་འཐབ་ཇུས་ངེས་གནས་ལ་རྐང་ཚུགས་ནས། རྐང་གྲུག་ཐོན་ལས་རིམ་པ་མཐོ་བའི་རིག་མཛོད་སྦྲེལ་མཐུད་སྟེགས་བུ་བཙུགས་ཏེ། མཐོ་སྒང་རྐང་གྲུག་དར་སྤེལ་ལ་ཐབས་ཇུས་གོང་བུར་གཅིག་སྒྲིལ་བྱས།
བྱེད་སྒོའི་ཡུལ་དངོས་སུ་མཚོ་སྔོན་རོགས་སྐྱོར་རྐང་གྲུག་འབུམ་རམས་ཆེད་མཁས་འཇོན་མིའི་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། རྒྱལ་ཡོངས་རྐང་གྲུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་སྐོང་འགུག་བྱས་ཏེ་མཐོ་སྒང་རྐང་གྲུག་གི་རིག་མཛོད་བསྐྲུན། དཔྱད་གླེང་གི་ཚན་པར། རྒྱལ་ནང་གི་རྐང་གྲུག་ཁྱབ་ཁོངས་ཀྱི་བསླབ་རྒན་ཆེད་མཁས་པས་སྔ་རྗེས་སུ་ཆེད་དོན་བརྗོད་གཞི་མཉམ་སྤྱོད་བྱས། དེ་ལས་གཞན། ཐེངས་འདིའི་བྱེད་སྒོས་ད་དུང་མཐོ་སློབ་བཞུགས་མོལ་དང་། མཚོ་སྔོན་རིམ་འདས་མཉམ་འགྲན་ལྟ་སྦྱོང་། མཚོ་སྔོན་རླབས་ཕྲན་སྐྱེས་མའི་རྐང་གྲུག་རུ་ཁག་གི་ལྟེ་གནས་སུ་ཡུལ་དངོས་རྟོག་ཞིབ་སོགས་ཀྱི་ལག་ལེན་དངོས་ཚན་པ་བཀོད་སྒྲིག་བྱས་ཏེ། གཞུང་ལུགས་ཞིབ་འཇུག་དང་ཡུལ་དངོས་དང་པོའི་རྐང་གྲུག་བྱ་བའི་གཏིང་ཟབ་ཟུང་འབྲེལ་ལ་སྐུལ་འདེད་བཏང་།
ཐེངས་ཉེར་དྲུག་པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་ཞབས་ཞུ་ཚོགས་པའི་ཚོགས་གཙོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོའི་ལག་རོགས་ཁྲུའུ་ཧོང་ཞང་གིས་བཤད་རྒྱུར། འབུམ་རམས་ཞབས་ཞུ་ཚོགས་པས་མཚོ་སྔོན་རོགས་སྐྱོར་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས། མཐོ་སྒང་རྐང་གྲུག་གི་འཕེལ་རྒྱས་འཆར་འགོད་གཏིང་ཟབ་ཏུ་རྟོག་ཞིབ་བྱེད་པར་རྐང་ཚུགས་ཏེ། མཐོ་རིམ་ཇུས་འགོད་བློ་འདོན་ལེགས་པར་བྱས་ནས། ཤར་རྒྱུད་ཕུལ་བྱུང་རྐང་གྲུག་ཐོན་ཁུངས་མཉམ་སྒུལ་བྱས་ཏེ། ཡུན་ཕན་ཁ་གཏད་རོགས་སྐྱོར་སྦྲེལ་ཟམ་བཙུགས་ནས། དྲ་ཐོག་ཏུ་སློབ་ཁྲིད་དང་དགེ་རྒན་གསོ་སྦྱོང་སོགས་ཀྱི་རྣམ་པ་ལ་བརྟེན་ཏེ། རིག་སྟོབས་རོགས་སྐྱོར་དངོས་འབེབས་བྱ་རྒྱུ་ཡིན།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་མི་རིགས་ཁྱད་ལྡན་རྐང་གྲུག་འཕེལ་རྒྱས་ཀྱི་ལམ་བུ་ཟབ་སྐྲུན་བྱས་ཤིང་། ཞིང་ཆེན་ན་གཞོན་རྐང་གྲུག་སྦྱོང་བརྡར་ལྟེ་གནས་བཙུགས་ནས་དངོས་སུ་སྒོ་བྱང་བཀལ་བ་དང་། རིམ་པ་གསུམ་གྱི་ན་གཞོན་སྦྱོང་བརྡར་མ་ལག་བརྟན་ཐོག་སྐུལ་འདེད་བཏང་ནས། ཡུས་ཧྲུའུ་ཡི་མི་རིགས་རྐང་གྲུག་དང་། མཚོ་སྔོན་རླབས་ཕྲན་སྐྱེས་མའི་རྐང་གྲུག་སོགས་རང་ས་གནས་སྤུས་རྟགས་རིམ་གྱིས་མགོ་འབུས་ཏེ། མཚོ་སྔོན་རིམ་འདས་མཉམ་འགྲན་གྱི་ཧྲིན་ཀྲང་རྟགས་མ་དང་། ཧྲི་ཀྲང་རྟགས་མ། རྫོང་དཔོན་རྟགས་མ། སློབ་གཙོ་རྟགས་མ་སོགས་སློབ་རའི་རྐང་གྲུག་འགྲན་སྡུར་ཚ་ཚ་འུར་འུར་གྱིས་སྤེལ་ཞིང་། ས་གནས་མཐོ་སློབ་གཉིས་ཀྱིས་རྐང་གྲུག་འབྲེལ་ཡོད་ཆེད་ལས་བཙུགས་ནས། ལུས་རྩལ་དང་སློབ་གསོའི་མཉམ་ལས་འཇོན་མི་གསོ་སྦྱོང་བྱེད་པའི་ལམ་ལུགས་ཀྱི་ཐོག་མའི་རྣམ་པ་གྲུབ་ཡོད།
སྙིང་བྱམས་ཚེ་རིང་གིས་བསྒྱུར།