
ཟླ6ཚེས30ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མདོ་ལ་རི་བོའི་སྐྱེ་ཁམས་འབྲོག་རའི2026ལོའི་མཚོ་སྔོན་མོན་ཡོན་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་སྐབས27པའི་ཕྲེང་སྟར་བྱེད་སྒོའི་འགོ་རྩོམ་མཛད་སྒོ་བསྡུས་པ་དང་། དེས་མིན་ཡོན་ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་དངོས་སུ་འགོ་ཚུགས་པ་མཚོན་ཡོད།
བྱེད་སྒོའི་གར་སྟེགས་ཡུལ་དངོས་སུ་ས་གནས་གླུ་གཞས་དང་མི་རིགས་ཞབས་བྲོ། རོལ་ཆས་མཉམ་དཀྲོལ། སྤྲོ་སྣང་ལྡན་པའི་སྒྱུ་འཕྲུལ་བཅས་རེས་མོས་ཀྱིས་མངོན། སྐད་གསང་མཐོ་བའི་དམངས་གཞས་དང་འགུལ་སྣང་ལྡན་པའི་རོལ་ཆའི་རུ་ཁག་གིས་འཁྲབ་སྟོན་བྱས་ལ། ཐུན་མིན་ཁྱད་ཆོས་ལྡན་པའི་རི་གླུ་དང་དཔའ་རིས་བོད་རིགས་རྒྱན་གོས་དང་གླུ་གར་བརྒྱུད་ནས་མིན་ཡོན་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རིག་གནས་གང་ལེགས་སྒོས་མངོན་ཡོད། འཁྲབ་སྟོན་རྣམ་གྲངས་ཡོངས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་པ་དང་། སྒྱུ་རྩལ་རང་བཞིན་དང་ལྟད་མོའི་རང་བཞིན་གཉིས་ཀ་ལྡན་པའི་ངོ་མཚར་ཆེ་བའི་ལེ་ཚན་ལ་ས་གནས་ཀྱི་དགའ་འབོད་ཡང་ཡང་ཐོབ་ཡོད།
2000ལོར་ལོག་དཀར་མེ་ཏོག་དུས་ཆེན་སྐབས་དང་པོ་གཉེར་བའི་ཚུན་ལ། མིན་ཡོན་རྫོང་གིས་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས26བསྟུད་མར་གཉེར་ནས་གོ་ལ་ཧྲིལ་པོའི་མཛེས་སྡུག་ལྡན་པའི་མེ་ཏོག་གི་རྒྱ་མཚོ་ཆེན་པོ་བཅུའི་ཚོང་རྟགས་ལེགས་ཤོས་བསྐྲུན་པ་དང་། ལོ་ལྔ་ལ་བསྟུད་མར་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ལ་དཔྱད་འདེམས་བྱས་པ་མ་ཟད། 2026ལོར་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཡུལ་སྐོར་ཁག་དང་པོའི་ཁྲོད་བདམས་ཐོན་བྱུང་། ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་རི་དམར1314མཛེས་ལྗོངས་སྟེགས་བུ་སོགས་གསར་སྐྲུན་བྱས་ཏེ། མེ་ཏོག་རྒྱ་མཚོའི་རྟ་ཞོན་དང་རྟ་རྒྱུག གཟུགས་འདས་ཤུལ་བཞག་འགྲེམས་སྟོན་སོགས་དབྱིངས་ཞུགས་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ནས་རབ་མཛེས་མཚོ་སྔོན། ས་མཐོའི་རྐང་གྲུག་རིམ་འདས་མཉམ་འགྲན་སོགས་ཆུ་ཚད་མཐོ་བའི་ལུས་རྩལ་འགྲན་བསྡུར་གྱི་རྒྱུན་བསྐྱངས་ནས་དབྱར་དུས་མེ་ཏོག་གི་རྒྱ་མཚོར་རོལ་བ་དང་དགུན་དུས་གངས་འཁྱགས་ཀློང་དུ་བཞུད་པའི་དུས་བཞིར་ཁྱབ་པའི་ཡུལ་སྐོར་མངོན་འགྱུར་བྱས་ཡོད། 2025ལོར་མེ་ཏོག་བཞད་པའི་དུས་སུ། མིན་ཡོན་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་བརྒྱད་སྟོང་སྣེ་ལེན་བྱས་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ལ་སླེབས་ཡོད།
མི་ཕམ་མགོན་པོས་བསྒྱུར།