ཞིང་ཆེན་ཚོང་དོན་ཐིང་གིས་ཆེད་དོན་གསོ་སྦྱོང་བསྡུས་ཏེ་མཚོ་སྔོན་ཁེ་ལས་རྒྱལ་ཁོངས་བརྒལ་བའི་ལས་སྒོ་སྤེལ་བར་ཐབས་ཇུས་བསྟན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ6ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་བརྒལ་གློག་རྡུལ་ཚོང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་གསོ་སྦྱོང་བསྡུས། སྲིད་ཇུས་ཀྱིས་ནུས་པ་སྩོལ་བ་དང་། ཆེད་ལས་ཀྱིས་སློབ་ཁྲིད་བྱེད་པ། ཐོན་ཁུངས་འབྲེལ་མཐུད་བྱེད་པ་བཅས་ལ་བརྟེན་ནས་ས་གནས་ཁེ་ལས་ཀྱིས་རྒྱལ་ཁོངས་ལས་བརྒལ་བའི་ལས་སྒོ་ཚད་ལྡན་ངང་སྤེལ་བར་རོགས་རམ་བྱེད་པ་དང་། གཞི་གྲངས་དང་བློ་གྲོས་རྒྱལ་མཚམས་ལས་བརྒལ་བ་དང་། མཚོ་སྔོན་གྱི་ཁེ་ལས་མཚོ་སྔོན་ལས་བརྒལ་བར་རོགས་རམ་བྱ་རྒྱུ་རེད། 

ཐེངས་འདིའི་གསོ་སྦྱོང་ནི"་སྒྲིག་སྲོལ་དང་མཐུན་པའི་རྒྱལ་ཁོངས་ལས་བརྒལ་བའི་ཉོ་ཚོང་དང་། AIགྲངས་རིག་གིས་མཚོ་སྔོན་ཁེ་ལས་མཚོ་སྔོན་ལས་བརྒལ་བའི་རྒྱང་སྐྱོད་ལམ་བུ་གསར་པར་སྣེ་ཁྲིད་བྱེད་པ"ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་སྲིད་གཞུང་དང་ཁེ་ལས་ལས་རིགས་ཞབས་ཞུའི་ཚོང་པ110ལྷག་གསོ་སྦྱོང་ནང་ཞུགས་པར་རྩ་འཛུགས་བྱས་པ་དང་།  སྲིད་ཇུས་འགྲེལ་བཤད། ཆེད་ལས་སློབ་ཁྲིད། བརྒྱུད་རིམ་དངོས་སྦྱོང་། གྱོད་དཔེ་དབྱེ་བགར། མཉམ་འགུལ་ལན་འདེབས། ཐོན་ཁུངས་ལེགས་པོར་སྦྲེལ་མཐུད་བྱེད་པའི་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་མ་ལག་ཅན་གྱི་སློབ་ཁྲིད་དང་བསམ་ཚུལ་བརྗེ་རེས་བྱས།

གསོ་སྦྱོང་ལ་ཆེད་ཚོགས་ཆེན་པོ་གཉིས་བཀོད་སྒྲིག་བྱས་ནས་ནང་དོན་དུ་སྒྲིག་མཐུན་ཚོད་འཛིན་དང་གྲངས་ཀ་ཅན་གྱི་དངོས་སྦྱོང་གཉིས་ཀར་ལྟ་རྟོག་ཡོད་པ་བྱས། སྒྲིག་སྲོལ་དང་སྲིད་ཇུས་ཀྱི་ཆེད་ཚོགས་ནི་སྒོ་ཁྲལ་དང་། ཁྲལ་དོན། ཀྲུང་གོ་ཡིད་རྟོན་འགན་སྲུང་། དངུལ་ཁང་བཅས་ཀྱི་ཆེད་ལས་མི་སྣས་སློབ་ཁྲིད་བྱས་ཏེ། ནང་དོན་ལ་ཁེ་ལས་ཀྱི་ཕྱིར་གཏོང་སྒོ་ཁྲལ་སྙན་ཞུའི་ལས་རིམ་ཧྲིལ་པོར་དངོས་སྦྱོང་དང་། འཛིན་ཡིག་འབྲི་འགོད་ཚད་ལྡན། ཕྱིར་གཏོང་ནང་འདྲེན་གྱི་སྒྲིག་འགལ་ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཚུད་ཡོད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་རྣམ་པ་ཡོངས་ཀྱི་ཁྲལ་དོན་སྒྲིག་སྲོལ་དང་མཐུན་པ་དང་། ཕྱིར་གཏོང་ཁྲལ་སློག་སྙན་ཞུའི་ལས་རིམ། ཁྲལ་བསྡུའི་གཟིགས་སྐྱོང་དོན་ཐོག་ཏུ་འཁྱོལ་བའི་མཛུབ་ཁྲིད་བཅས་ཚུད་ཡོད། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་དངོས་སྦྱོང་བེད་སྤྱོད་དང་། དངུལ་ཁང་གི་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་རོགས་སྐྱོར་ཐོན་རྫས། རྒྱལ་སྤྱིའི་བསྡོམས་རྩིས་དང་རྒྱལ་ཁོངས་ལས་བརྒལ་བའི་མི་དམངས་ཤོག་སྒོར་ལས་སྒོའི་འབྲེལ་ཡོད་སྲིད་ཇུས། AIགྲངས་རིག་ལས་སྒོའི་ཆེད་ཚོགས། རྒྱལ་ཁོངས་ལས་བརྒལ་བའི་ལས་སྟེགས་ལས་རིགས་ཀྱི་སྣེ་ཁྲིད་ཆེད་མཁས་པ་གདན་ཞུས་བྱས་ཏེ་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། AIལག་རྩལ་གྱིས་ཚོང་འགྲུལ་དོ་དམ་དང་། ཕྱི་རྒྱལ་གྱི་ཚོང་རའི་གཞི་གྲངས་དབྱེ་ཞིབ། རིག་ནུས་གཉེར་སྐྱོང་ཁྲོད་དངོས་འཐབ་བཀོལ་སྤྱོད་བྱེད་པ་བཅས་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་དང་། ཨེ་ཤ་ཡ་དབུས་མ། དབུས་ཤར་སོགས་གསར་དར་ཚོང་རའི་ཐབས་ལམ་གསར་གཏོད་བྱེད་པ་དང་། དུས་མཚུངས་སུ་ཞིང་ཆེན་ནང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཐད་ཤེས་ལྡན་མི་སྣ་དཀོན་པར་དམིགས་ནས། ངེས་གཏན་ཅན་གྱི་འཇོན་མིའི་ཐག་གཅོད་ཇུས་གཞི་དང་མཉམ་འབྲེལ་རྣམ་པ་འདོན་སྤྲོད་བྱས།

ཐེངས་འདིའི་གསོ་སྦྱོང་གིས་སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་དང་།་མཁོ་སྤྲོད་འབྲེལ་མཐུད། ཉམས་མྱོང་མཉམ་སྤྱོད་བཅས་གཞི་གཅིག་ཏུ་འགྱུར་བའི་ལས་སྟེགས་བསྐྲུན་ཏེ། མཚོ་སྔོན་ཁེ་ལས་ཀྱིས་མངའ་ཁོངས་ལས་བརྒལ་བའི་ལས་སྒོ་སྤེལ་བར"སྒྲུབ་མི་ཤེས་པ་དང་། སྒྲུབ་མི་ཕོད་པ། ཆེན་པོ་བསྒྲུབ་མི་ཐུབ་པ"་བཅས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཡོད། གསོ་སྦྱོང་ནང་ཞུགས་མཁན་ཁེ་ལས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཕྱིར་དམིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྒོ་ཁྲལ་ལྟ་སྐུལ་དོ་དམ་དང་། ཁྲལ་དོན་སྒྲིག་སྲོལ་དང་མཐུན་པ། ལས་སྟེགས་གཉེར་སྐྱོང་། རྒྱལ་ཁོམས་ལས་བརྒལ་བའི་ཟོང་འདྲེན། ཕྱི་རྒྱལ་གྱི་ཚོང་གཉེར་སོགས་ལྟེ་བའི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཤིང་། ཕྱི་ཕྱོགས་ཉོ་ཚོང་གི་བསམ་གཞིགས་གས་བསྒྱུར་དང་། དོན་ཐོག་ཏུ་འཁྱོལ་བའི་བྱེད་ཐབས་ཁོང་དུ་ཆུད་པར་ཡོད་པ་རེད།