
དམར་པོའི་འགྲེམས་སྟོན་ཁང་དུ་གསར་བརྗེའི་ལོ་རྒྱུས་དང་ཉམས་པ་མེད་པའི་བསམ་པའི་དད་མོས་ཀྱིས་ཁེངས་ཡོད་ལ། གཟི་བརྗིད་ལྡན་པའི་ལོ་ཟླ་དང་དམར་པའི་ཁྲག་རྒྱུན་རྗེས་མཐུད་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་གསར་བརྗེའི་རིག་དངོས་སྔོག་འདོན་གཏིང་ཟབ་དང་སྲུང་སྐྱོང་བྱས་པ་དང་ཆབས་ཅིག རྒྱལ་ཡོངས་ས་གནས་ཁག་གི་གསར་བརྗེའི་འགྲེམས་ཁང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས།
“བདུན་པའི་ཚེས་གཅིག”གི་སྔ་ནུབ་ཏུ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་གྱི་ཚ་རླབས་འཕྱུར་བ་དང་། ས་གནས་སོ་སོ་ནས་ཡོང་བའི་ལྟད་མོ་བ་ཚོ་འགྲེམས་ཁང་དུ་བསྐྱོད་དེ། སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་བལྟས་ནས་ཏང་གི་ཐོག་མའི་བསམ་འདུན་སེམས་སུ་ངེས་པར་བྱས། པར་རིས2500ལྷག་ཙམ་དང་རིག་དངོས3500ལྷག་ཙམ་གྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་སྒོ་ཕྱེས་ནས་ལོ་ལྔའི་རིང་ལྟད་མོ་བ་མི་ཐེངས་ས་ཡ་དྲུག་ལས་བརྒལ་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གི་མགོ་གཙོ་ལི་ཙུང་ཡོན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དེ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་དང་། ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བཤད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཡོང་ནས་ཐོག་མའི་བསམ་འདུན་ཤེས་རྟོགས་དང་འབད་འཐབ་ཀྱི་སྟོབས་ཤུགས་སྡུད་ལེན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོའང་རེད། པེ་ཅིན་སློབ་ཆེན་གྱི་ཐོག་ཁང་དམར་པོ་དང་ཀྲུང་གུང་ཚོགས་ཆེན་དང་པོའི་ཚོགས་ཡུལ་ནས་ཀུའེ་ཀྲོའུ་ཙུན་དབྱི་དང་ཧྲའན་ཞི་ཡན་ཨན། དེ་མིན་རྒྱལ་ཡོངས་ཀྱིས་ས་གནས་ཁག་གི་གསར་བརྗེའི་འགྲེམས་ཁང་རྒྱུན་ཆད་མེད་པར་གསར་གཏོད་དང་། རྣམ་པ་འདྲ་མིན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན། དངོས་ལྗོངས་རྣམ་པའི་བསམ་བློའི་སློབ་གསོ་བཀོད་སྒྲིག་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་རྒྱལ་དམངས་སློབ་གསོའི་མ་ལག་ནང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས། གཞོན་ནུ་ལོ་ཆུང་གི་གསར་བརྗེའི་རྒྱུན་འཛིན་གྱི་མེ་སོན་སྤར་དགོས།
མིག་སྔར། རྒྱལ་ཡོངས་སུ་གནས་སྤར་མི་ཐུབ་པའི་གསར་བརྗེའི་རིག་དངོས་ཁྲི་བཞི་དང་སྟོང་ལྔ་ལྷག་ཙམ་ཡོད་པ་དང་། གཞུང་ཁོངས་སུ་ཉར་ཚགས་བྱས་པའི་གསར་བརྗེའི་རིག་དངོས་ས་ཡ1དང་འབུམ5ལས་བརྒལ་ཡོད། ད་ལྟ་སྤེལ་བཞིན་པའི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་གསར་བརྗེའི་རྗེས་ཤུལ་ཁག་ཅིག་རྙེད་པ་དང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཁུལ37ལ་གཅིག་སྡུད་ངང་སྲུང་སྐྱོང་ཐུབ་ཡོད། གསར་བརྗེའི་འགྲེམས་ཁང་དང་གསར་བརྗེའི་རིག་དངོས་དེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་མི་རབས་ནས་མི་རབས་བར་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།