
ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིས་མཉམ་དུ་གཙོ་སྒྲུབ་བྱས་པའི། 2026ལོའི་དཔྱིད་དུས་སློབ་སྐབས་ཀྱི“གཙང་གསུམ་སྦྲེལ་མཐུད་སློབ་ཁྲིད་ཁང་ཆེན་མོའི”ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེན་མོ་ཧྥན་ཅི་ཧྲེ་ཡིས་གདན་ཞུས་ལྟར། “མིག་སྔའི་རྒྱལ་སྤྱིའི་གནས་སྟངས་དང་ཀྲུང་ཨའི་འབྲེལ་བ”ཞེས་པ་ཁ་བྱང་དུ་བཟུང་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ།
ད་ཐེངས་ཀྱི་འཆད་ཁྲིད་འདིའི་དམིགས་ཡུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་གནས་སྟངས་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཡོན་ལས་བྱེད་པས་མིག་སྔའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི“དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་པོའི”ངེས་གནས་གསར་པའི་འོག་གི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གཏིང་ཟབ་བྱེད་རོགས་བྱས་ཏེ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གིས་རྒྱལ་སྤྱིའི་གནས་བབ་ལ་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་སྟེང་ནས་གཅིག་གྱུར་ནན་མོ་ཡོང་བར་བྱས་ཏེ། “ཁྱོན་ཡོངས་གཉིས”སེམས་ལ་དམ་པོར་འཛིན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་སྟངས་ལ་ཁ་གཏད་འཇལ་བ་བཅས་ཀྱི་ཆབ་སྲིད་ནུས་པ་དང་འཐབ་ཇུས་ཀྱི་མིག་རྒྱང་། ཆེད་ལས་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད་ཡིན།
ཚང་མས་ཟུར་ཁྲིད་སྙན་ཞུའི་མཐོང་རྒྱ་ཆེ་ཞིང་དབྱེ་ཞིབ་གཏིང་ཟབ་པ། འཐབ་ཇུས་ཀྱི་མཐོ་ཚད་ལྡན་ལ་དོན་དངོས་ཀྱི་དོ་ཁུར་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། འཆད་ཁྲིད་ལ་ཉན་རྗེས། ལོ་བརྒྱའི་འགྱུར་ལྡོག་འོག་གི་རྒྱལ་སྤྱིའི་གནས་སྟངས་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པར་སྔར་ལས་ངོས་འཛིན་གསལ་བོ་བྱུང་ཡོད་ཟེར། ཚང་མས་རྒྱལ་སྤྱིའི་གནས་སྟངས་སྐོར་གྱི་ཏང་ཀྲུང་དབྱང་གི་བརྡར་ཤ་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་རྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་འཇལ་བ་དང་ཉེན་ཁ་སྔོན་འགོག་དང་སེལ་བའི་ནུས་པར་དངོས་སུ་བསྒྱུར་ནས། མཚོ་སྔོན་གྱི་དོན་དངོས་ནས་རྐང་ཚུགས་པར་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ས་གནས་ཀྱི་འགན་འཁྲི་འཁུར་སེམས་མངོན་གང་ཐུབ་བྱ་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།