མཚོ་སྔོན་གྱིས་གནད་འཁེལ་ཇུས་འདོན་བྱས་ནས་སྨན་བཅོས་ཐོན་ལས་གསར་གཏོད་ནུས་བསྐྱེད་ལ་གཞོགས་འདེགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར། 2026ལོའི་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་ལག་རྩལ་ནང་འདྲེན་ཕྱིར་གཏོང་ཉོ་ཚོང་ཚོགས་འདུའི་གོ་སྐབས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དེ་རྒྱལ་ཁབ་གསོ་རིག་དེང་རབས་ཅན་དང་མཚོ་སྔོན་སྨན་བཟོ་ཧྲང་ཧའེ་སྨན་རྫས་ཞིབ་འཇུག་ཁང་དུ་སོང་ནས། སྨན་རྫས་ཀྱི་སྤུས་ཀ་བདེ་འཇགས་དོ་དམ་གྱི་བྱ་བར་སྐུལ་འདོམས་དང་། ཁེ་ལས་འཕེལ་རྒྱས་ཀྱི་བླང་བྱར་སྦྲེལ་མཐུད་བྱས་ལ། གནད་འཁེལ་ལྟ་སྐུལ་དོ་དམ་དང་སྔོན་ཐོན་ཞབས་ཞུ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ཐོན་ལས་ཀྱི་བདེ་འཇགས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ལྟ་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་མཚོ་སྔོན་སྨན་བཟོ་ཧྲང་ཧའེ་སྨན་རྫས་ཞིབ་འཇུག་ཁང་གི་ཚོད་ལྟ་ཁང་དང་རྒྱུ་ཆའི་མཛོད་ཁང་། ཚོད་འཛིན་ལྟེ་གནས་སོགས་ས་གནས་གཙོ་བོར་སོང་ནས། སྨན་རྫས་གསར་སྤེལ་དང་རྒྱུ་ཆ་བཀོལ་སྤྱོད། གསོག་ཉར་བདག་དམ། བརྒྱུད་རིམ་ཁུངས་འདེད་སོགས་འགག་རྩའི་ལས་རིམ་དོ་དམ་ཚོད་འཛིན་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཁེ་ལས་གསར་སྤེལ་འཛུགས་སྐྲུན་དང་ཁྱད་ལྡན་འཕེལ་རྒྱས་རྣམ་པར་རྒྱུས་ལོན་བྱས། དེ་དང་མཉམ་དུ། ལས་རིགས་འཕེལ་རྒྱས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། སྨན་བཅོས་ཐོན་ལས་ཀྱི་སྤུས་ཚད་དོ་དམ་བླང་བྱ་གཏན་འཁེལ་བྱས་པ་དང་། ཁེ་ལས་ཀྱིས་སྤུས་ཚད་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོའི་དོ་དམ་ལམ་ལུགས་ཞིབ་ཕྲར་བཟོས་ཏེ། དམིགས་བསལ་སྨན་རྫས་དོ་དམ་ཚད་གཞི་དངོས་འབེབས་བྱས། ཁེ་ལས་ཀྱིས་ཧྲང་ཧའེ་ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་ཟབ་སྤེལ་བྱེད་པ་དང་། ལག་རྩལ་འགག་སྒྲོལ་དང་གསར་གཏོད་སྨན་རྫས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། སྣེ་ཁྲིད་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་སྨན་བཅོས་ཐོན་ལས་རྩེར་སོན་ཅན་དང་རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་འཕེལ་བར་རོགས་ཤུགས་འདོན་དགོས་པའི་སྐུལ་མ་བཏང་།

རྒྱལ་ཁབ་གསོ་རིག་དེང་རབས་ཅན་གྱི་སྤྱི་ཁྱབ་པུའུ་རུ། རྟོག་ཞིབ་ཚན་ཆུང་གིས་འགྲེམ་སྟོན་ཁུལ་ལ་ལྟ་སྐོར་དང་བཞུགས་མོལ་བརྗེ་རེས་བྱས་པ་བརྒྱུད། ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ལྟེ་བའི་ལག་རྩལ། སྤུས་ཚད་དོ་དམ་ཚོད་འཛིན་མ་ལག་བཅས་ལ་རྒྱུས་ལོན་བྱས་པ་དང་། མཚོ་སྔོན་དུ་ཡོད་པའི་ཁོངས་གཏོགས་ཡན་ལག་ཀུང་ཟིའི་འཕེལ་རྒྱས་དཀའ་གནད་གསེད་བཀྲོལ་བྱས་ཤིང་། ཡུལ་དངོས་སུ་ཐག་གཅོད་བྱེད་ཐབས་ལ་བགྲོ་གླེང་བྱས་པར་མ་ཟད། རྗེས་ཕྱོགས་ཀྱི་མཉམ་ལས་རོགས་སྐྱོར་ཁ་ཕྱོགས་གཏན་འཁེལ་བྱས། ཁེ་ལས་གསར་སྤེལ་འཕེལ་རྒྱས་ཀྱི་བླང་བྱར་དམིགས་ནས།  ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནད་འཁེལ་ཞབས་ཞུའི་བྱེད་ཐབས་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཞིབ་འཇུག་ལས་གཞིའི་ཞབས་ཞུའི་གསལ་ཁྲ་བཟོས་ཤིང་། ལས་གཞི་ལག་བསྟར་མ་བྱས་སྔོན་ལ་ཟབ་ཞུགས་དང་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད། གཅིག་གཏད་གཅིག་གི་ལག་རྩལ་མཛུབ་སྟོན་བཅས་བྱས་ཏེ། སྨན་རྫས་གསར་བར་ཆོག་མཆག་ཐོབ་ནས་ཁྲོམ་རར་འདྲེན་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། 

ལྷ་མོ་འཚོས་བསྒྱུར།