མཚོ་སྔོན་གྱིས་ནགས་རྩྭའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་བྱེད་སྒོ་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ6པའི་ཚེས16ཉིན།“‘བླ་ཤིང’ཐང་རྒོད་དུ་རྩ་བ་ཚུགས་པ་དང་།‘བྱང་གསུམ’བཟོ་སྐྲུན་གྱིས་མ་འོངས་པ་གསོ་སྐྱོང་བྱེད་པ”བརྗོད་དོན་གཙོ་བོ་ཡིན་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་ཚན་རྩལ་གཟའ་འཁོར་བྱེད་སྒོ་་ཟི་ལིང་སྐྱེ་དངོས་གླིང་གི་ལི་ཤིའི་འགྲེམས་སྟོན་ཁུལ་དུ་སྤེལ་འགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཞིག་ཡིན་ཞིང་།   “བྱང་གསུམ”བཟོ་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་པ་དང་། དེའི་དམིགས་ཡུལ་ནི་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ནགས་རྩྭ་ལ་དགའ་ཞེན་དང་།     རང་བྱུང་ཁམས་ལ་བརྩི་བཀུར།     གསར་གཏོད་ལ་བརྩི་འཇོག་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།

བྱེད་སྒོ་སྤེལ་ཡུལ་དུ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནགས་རྩྭའི་ཚན་རྩལ་འབྲས་བུ་འགྲེམ་སྟོན་དང་། ཚན་རྩལ་ཐོན་རྫས་འགྲེམ་སྟོན། རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་སོགས་ཆེད་དམིགས་ཁུལ་བཙུགས་ནས། མཚོ་སྔོན་གྱི་ནགས་རྩྭའི་ཚན་རྩལ་གསར་གཏོད་ཀྱི་ཕན་འབྲས་གཅིག་སྡུད་སྒོས་མངོན་པར་བྱས།  མཉམ་འགུལ་ཉམས་ལེན་ཁུལ་དུ་ཐང་རྒོད་ཀྱི་རྩི་ཤིང་དང་བྱེ་མའི་རི་མོ་གསར་རྩོམ། རི་སྐྱེས་སྲོག་ཆགས་ཀྱི་གདོང་འབག་བཟོ་བ། སྲོག་ཆགས་དང་རྩི་ཤིང་གི་ལག་རིས་ལ་ཉམས་ལེན་བྱེད་པ་སོགས་མང་ཚོགས་རང་བཞིན་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོའི་ནང་གྲོང་མི་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

ཡུལ་དངོས་སུ་ད་དུང་ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་ཚན་རིག་ཚོད་ལྟའི་འགྲེམས་སྟོན་སོགས་ཀྱི་ནང་དོན་ཚུད་ཡོད་པས། ལྟད་མོ་བ་ཚོར་ཚན་རྩལ་གསར་གཏོད་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་དུ་བཅུག  དེ་དང་ཆབས་ཅིག་དུ་དུས་ཡུན་རིང་པོར་གཞི་རིམ་དུ་རྐང་ཚུགས་པ་དང་ལས་ཡུལ་དང་པོར་རྨོ་འདེབས་བྱེད་མཁན་ནགས་རྩྭའི་ཚན་རྩལ་ཁྱབ་གདལ་ལག་ལེན་བསྟར་མཁན་ལ“རྒྱལ་ཁབ་ཀྱི་ནགས་རྩྭའི་གྲོང་གསེབ་ཀྱི་ཆེད་མཁས་པའི”གདན་ཞུའི་ཡི་གེ་བྱིན་ཡོད།

རྒྱུས་ལོན་པ་ལྟར་ན། ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བྱེད་སྒོ་དེ་ལོ་ཧྲིལ་པོར་ཚྭ་འདམ་གཞོང་སའི“བྱེ་ཐང་མཐར་ལུས་འགོག་རྒོལ་དམག་འཐབ”དང་།     མཚོ་སྔོན་པོའི་བཞུར་རྒྱུད་ཀྱི“བྱེ་འགོག་མཚོ་སྲུང”བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་ལག་ལེན།“ནགས་རྩྭའི་ཚན་རིག་ཡོངས་བསྒྲགས་སློབ་ཚན”སློབ་གྲྭ་དང་སྡེ་ཁུལ། འབྲོག་ཁུལ་སོགས་སུ་བསྐྱོད་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་ས་གནས་ཁག་ཏུ་སྤེལ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།