
ད་ལོ་ནས་བཟུང་། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་གཏོང་ཕྱོགས་དེ་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་བསྡུ་རུབ་བྱས་ཏེ་ཀྲུང་གོའི་ཐོན་ལས་རིམ་སྤོར་ལས་བྱུང་བའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱས།
ཉེ་ཆར་བསྡུས་པའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་རྩེ་ཚོགས་སྐབས་བདུན་པའི་ཐོག རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་འདིའི་འགན་ཁུར་བས་གསར་འགོད་པར་ཀུན་གྱིས་དོ་སྣང་བྱེད་པའི་ཉེར་སྤྱོད་ཐོན་རྫས་འགའ་འགྲེམ་སྟོན་བྱས། དག་ཚད་མཐོ་བའི་དབྱང་འགྱུར་ཧ་ཡང་དང་གྲུང་གཤིས་དབྱང་འགྱུར་ཧ་ཡང་རྒྱུ་ཆ་འདོན་སྤྲོད་བྱེད་མཁན་ཚོང་པ་ཡིན་པའི་ཆ་ནས། ཁེ་ལས་ཀྱི་ཐོན་རྫས་དེ་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་གློག་འདྲེན་ཕྱེད་གཟུགས། གློག་གཡིས་སོགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་བཞིན་ཡོད་ལ། ཁྲོམ་རའི་དགོས་མཁོ་ཆེན་པོས་ཁེ་ལས་ལ་རྒྱུན་མཐུད་ངང་མ་དངུལ་འཕར་སྣོན་དང་ཐོན་ནུས་ཆེ་རུ་བཏང་།
ཨན་མའེ་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱི་དབུ་བཞུགས་ཚོང་དོན་དཔོན་ཁྲ་ལི་སི·ཁའོ་ཕུའུ་སེན་གྱིས་བཤད་རྒྱུར། ད་ལོའི་ལོ་མཇུག་ཏུ། ང་ཚོའི་ཀྲུང་གོའི་ཐོན་སྐྱེད་བཟོ་གྲྭ་ཨང་བཞི་པས་དངོས་སུ་ཐོན་སྐྱེད་བྱེད་རྒྱུ་ཡིན་ལ། བཟོ་གྲྭས་མ་དངུལ་བསྡོམས་འབོར་ཨ་སྒོར་བྱེ་བ་གཉིས་ས་ཡ་ལྔ་བཏང་ནས་སྐུད་ལམ་ཧྲིལ་པོའི་ཐོན་རྫས་ཀྱི་ཐོན་ནུས་ལྡབ་འཕར་ཡོང་རྒྱུ་རེད། ང་ཚོས་ད་དུང་མུ་མཐུད་དུ་མདུན་གྲལ་གྱི་ལག་རྩལ་དང་སྒྲིག་ཆས་ཀྱི་ཞིབ་འཇུག་གསར་སྤེལ་ནང་ཞུགས་ནས་ཀྲུང་གོའི་ཁྲོམ་རར་ཕྱོགས་པའི་ཐོན་རྫས་རྒྱུན་མི་ཆད་པར་ཇེ་ལེགས་སུ་གཏོང་རྒྱུ་ཡིན།
རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་མུ་མཐུད་དུ་ཀྲུང་གོའི་ཐོན་ལས་མ་ལག་ནང་ཟབ་ཞུགས་བྱས། མིག་སྔར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་བསྟུད་མར་ལོ་16རིང་ཨ་སྒོར་ཁྲག་ཁྲིག་ལས་བརྒལ་བ་དང་། གསར་དུ་ཁྱབ་བསྒྲགས་བྱས་པའི《ཀྲུང་གོར་ཡོད་པའི་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི》ཞེས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། 2025ལོར་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་བཏང་བ་དེས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིའི་གོ་ལ་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་བཏང་ཚད་ཀྱི་14.3%བཟུང་ཡོད། ཀྲུང་གོའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ཁྱབ་ཁོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཆིག་ཁྲི་བཞི་སྟོང་ལ་སླེབས་ནས་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི27.2འཕར་ཡོད།
ཧི་ལི་ཧྲི་སྡེ་ཚོགས་གློག་འདྲེན་ཕྱེད་གཟུགས་དང་གློག་རྡུལ། བཟོ་ལས་བཀོལ་སྤྱོད་ལས་སྒོའི་ཁྱབ་ཁོངས་ཀྱི་སྤྱི་གཉེར་པ་ཁེ་ལའེ་མོན་སི·པུའུ་ལུན་ན་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཧ་ཅང་མགྱོགས་ཤིང་ཕྱོགས་མང་པོའི་ཐད་སྔོན་ཐོན་གྱི་གོ་གནས་བཟུང་ཡོད། འཕྲུལ་མི་དང་གློག་སྒུལ་རླངས་འཁོར། ཡང་ན་གློག་འདྲེན་ཕྱེད་གཟུགས་ཀྱི་ཁྱབ་ཁོངས་ཡིན་ནའང་འདྲ། ང་ཚོའི་ལས་སྒོའི་ཚན་པ་དང་ལས་དོན་པུའུ་ཚང་མས་ཀྲུང་གོར་གསར་གཏོད་ལྟེ་གནས་བཙུགས་ཡོད།