མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་བྱ་སྒོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་།
ཁུངས། ཀློག་གྲངས།

​གྲོང་གསེབ་དར་སྤེལ་གཏོང་དགོས་ན། ཐོན་ལས་ནི་གནད་འགག་ཡིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁི་ལོ་ཁི་གྲོང་རྡལ་ཝུའུ་ལན་ཀན་ཀི་སྡེ་བས་སྐྱེ་ཁམས་བྱ་དེ་གསོ་སྤེལ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱིས་ཐག་ཉེ་ནས་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཏེ། བྱ་སྒོང་གིས་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐུལ་སློང་བྱས་ནས། གྲོང་གསེབ་དར་སྤེལ་གྱི་མདུན་ལྗོངས་གསར་པ་མངོན།

གསར་འགོད་པ་བྱ་དེ་གསོ་སྤེལ་རྟེན་གཞིར་ཐོན་དུས་དེང་རབས་ཅན་གྱི་ཐོན་ལས་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་འདུག   གསོ་སྤེལ་ར་བར་སོང་བ་ན། ཁོར་ཡུག་གྲལ་དག་ལ་རླུང་གི་རྒྱུ་བ་ལེགས། བྱ་གསོ་ར་བར་ལས་སྒྲུབ་མི་སྣས་ཉིན་རྒྱུན་དུ་དུས་ལྟར་དུག་སེལ་བྱས་ནས་གསོ་སྤེལ་གྱི་བདེ་འཇགས་འགོག་ཐིག་བརྟན་སྲུང་བྱས་ཤིང་།  གསོ་སྤེལ་རྟེན་གཞི་ཚད་ལྡན་ཅན་གྱི་བྱ་གསོ་ར་བར་བསྒྱུར་ཡོད་པ་མ་ཟད། བྱ་སྒོང་གསོག་ཉར་ཐུམ་རྒྱག་འཁོར་ཁང་དང་། གཟན་ཆས་གསོག་འཇོག་ལས་སྣོན་འཁོར་ཁང་སོགས་སྒྲིག་ཆས་ཆ་ཚང་ཡོད། གསོ་སྤེལ་རྟེན་གཞིས་འགོ་ཁུངས་ནས་སྤུས་ཚད་ཚོད་འཛིན་བྱས་ཏེ། བྱ་སྒོང་རེ་རེར་འཚོ་བཅུད་འཛོམས་པར་འགན་སྲུང་བྱས་ཡོད། ད་ལྟ་རྟེན་གཞིས་ཐོན་སྐྱེད་བྱས་པའི་བྱ་སྒོང་བདེ་བླག་ངང་མཚོ་ནུབ་ཁུལ་གྱི་ཁྱད་མཚར་ཚྭ་འདམ་གཞོང་གི་སྤུས་ལེགས་ཐོན་རྫས་སུ་བདམས་ནས།   ས་གནས་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཀྱི་མིང་བྱང་སྔར་ལས་གསལ་བོར་གྱུར་ཡོད་པ་དང་། སྤུས་རྟགས་ཀྱི་མིང་གྲགས་ཚད་དང་ཁྲོམ་རའི་ཤུགས་རྐྱེན་ནུས་པ་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད།

ཝུའུ་ལན་ཀན་ཀི་སྡེ་བའི་བྱ་གསོ་ར་བས་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཅིག་བརྩོན་ལེན་བྱས་ཏེ་བྱ་གསོ་ར་བ་བཞི་བསྐྲུན་ཡོད། མིག་སྔར་བྱ་གསོ་ར་བ་གཉིས་པ་དང་གསུམ་པར་བྱ་དེ་ཆིག་ཁྲི་དྲུག་སྟོང་ཡོད། ཆ་སྙོམས་ཀྱིས་ཉིན་རེར་བྱ་སྒོང་སྤྱི་རྒྱ་ཆིག་སྟོང་ཐོན་སྐྱེད་བྱེད་ཐུབ། བྱ་སྒོང་དེ་དག་གཙོ་བོ་གྲོང་ཁྱེར་དང་ས་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་ཟ་ཁང་དུ་མཁོ་འདོན་བྱེད་བཞིན་ཡོད་པ་དང་། དེ་དང་བསྟུན་ནས་མཐའ་འཁོར་གྱི་ལས་ཞུགས་གནས་ཚུལ་ཐག་བཅད་དེ། མཐའ་འཁོར་གྱི་སྡེ་མིས་བྱ་གསོ་ར་བར་ཞོར་ལས་བྱེད་ཀྱིན་ཡོད། ད་ལོའི་བྱ་སྒོང་གི་ལོ་ཧྲིལ་བོའི་ཁེ་སྤོགས་སྔོན་དཔག་བྱས་ན་སྒོར་འབུམ་གཅིག་ལ་སླེབས་ཐུབ།

བྱ་སྒོང་རེ་ནི་ཟས་ཅོག་སྟེང་གི་ཞིམ་ཟས་ཡིན་པར་མ་ཟད། ཝུའུ་ལན་ཀན་ཀི་སྡེ་བའི་ཐོན་ལས་དར་རྒྱས་ཀྱི་གསེར་གྱི་ལྡེ་མིག་ལྟ་བུའང་ཡིན། ད་ལྟ་ཁྱད་ལྡན་གསོ་སྤེལ་ཐོན་ལས་འདིས་ཐོན་ལས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་བ་དང་། མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ནས་མང་ཚོགས་རེ་རེར་ཕན་ཐོགས་པར་བྱས་ཡོད། 

                                                  གཏེར་ལེན་ཁ་གྲོང་ཁྱེར་སྨྱན་སྦྱོར་ལྟེ་གནས། གསར་འགོད་པ། བདེ་ཆེན་འཚོ། ཐིན་ཀི་སི།