སི་ཁྲོན་མཛོད་དགེ་རྫོང་གིས2026ལོའི་བདེ་འཇགས་ཐོན་སྐྱེད་ཟླ་བ་དང་ནགས་རྩྭའི་མེ་འགོག་མེ་གསོད་ཐད་ཀྱི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས།

རྒྱལ་ཡོངས“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་ཉེར་ལྔ་པའི་ལས་དོན་སྣ་ཚོགས་དམ་འཛིན་ལེགས་པོ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དང་ཞོད་འགོག་གནོད་སེལ།   གཞུང་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་།   འབྲོག་ཁུལ་མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་འདུ་ཤེས་དང་འཕྲལ་བསྟུན་རང་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད།  སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་འཕྲལ་བསྟུན་དོ་དམ་ཅུས་དང་རང་བྱུང་ཐོན་ཁུངས་ཅུས།   ཆུ་དོན་ཅུས་བཅས་ཀྱིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ། རྫོང་མཁར་ཐང་ཆེན་དུ2026ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང་ནགས་རྩྭའི་མེ་འགོག་མེ་གསོད་ཐད་ཀྱི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ།

བྱེད་སྒོའི་ཡུལ་དངོས་སུ་དྲིལ་སྒྲོག་འཕྲེད་ཡིག་དང་བདེ་འཇགས་ཤེས་བྱའི་འགྲེམ་པང་བཀོད་སྒྲིག་བྱས་ཡོད་པ་དང་།   དམངས་བདེའི་བློ་འདྲི་ཞབས་ཞུའི་སྟེགས་བུ་བཙུགས་ཡོད་པར་མ་ཟད།   སྤྱི་བདེ་དང་འཕྲལ་བསྟུན་དོ་དམ་སོགས་སྡེ་ཁག་མང་པོའི་ལས་བྱེད་པས་ཡུལ་དངོས་ནས་ཕར་འགྲོ་ཚུར་འོང་གི་མང་ཚོགས་རྣམས་ལ་ཕྱོགས་ཡོངས་ལ་ཁེབས་པའི་བདེ་འཇགས་ཤེས་བྱ་སྒྲོག་བཤད་བྱས།    མཐོ་སྒང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ། ལས་བྱེད་མི་སྣས་རྒྱ་བོད་སྐད་གཉིས་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དོ་དམ་ཚོད་འཛིན་ཐད་ཀྱི་བླང་བྱ་དང་། ཞོད་དུས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་རྒྱུན་ཤེས།   ཁྱིམ་ཚང་གི་སོལ་རླངས་དང་གློག་བཀོལ་བདེ་འཇགས་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བདེ་འཇགས་ཤེས་བྱ་གཙོར་བཟུང་ནས་འགྲེལ་བཤད་བྱས་པ་དང་།     མང་ཚོགས་ཀྱིས་བློ་འདྲི་བྱས་པའི་ཕྱི་རོལ་དུ་ཕྱུགས་འཚོ་བའི་སྐབས་ཀྱི་མེ་འགོག་དང་ཆར་དུས་ཀྱི་གནོད་འཚེ་འགོག་ཟོན།   ཉིན་རྒྱུན་གྱི་ཕྱིར་སྐྱོད་འགོག་སྲུང་སོགས་གནད་དོན་སྣ་ཚོགས་ལ་ལན་ཞིབ་མོ་བཏབ།

ཐེངས་འདིའི་བྱེད་སྒོ་ལས་བསྡོམས་པས་རིགས་སོ་སོའི་བདེ་འཇགས་དྲིལ་སྒྲོག་རྒྱུ་ཆ་ཆིག་སྟོང་ཉིས་བརྒྱ་ལྷག་དང་དྲིལ་སྒྲོག་རྗེས་དྲན་དངོས་རྫས་བརྒྱད་བརྒྱ་ལྷག་བྱིན།    ལས་བྱེད་མི་སྣས་གཅིག་གཏད་གཅིག་གིས་དོགས་གཞིར་ལན་བཏབ་པ་དང་། མང་ཚོགས་ཀྱིས་རང་རྟོགས་སྒོས་ཉེ་འགྲམ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱེད་པར་ཁྲིད་སྟོན་བྱས་ནས། རྨང་གཞིའི་འཕྲལ་བསྟུན་ཐག་གཅོད་རྩལ་ནུས་ལ་བྱང་ཆ་ཡོད་པར་བྱས།

མཛོད་དགེ་རྫོང་འཕྲལ་བསྟུན་དོ་དམ་ཅུས་ཀྱི་འགོ་གཙོ་གཞོན་པ་ཁྲིན་ཁྲུན་ལིན་གྱི་བཤད་རྒྱུར།   བདེ་འཇགས་དྲིལ་སྒྲོག་བློ་འདྲི་ཉིན་མོར།   ང་ཚོས་བདེ་འཇགས་བཅོས་སྐྱོང་དང་ཐོན་ཁུངས།  འགྲིམ་འགྲུལ།  མེ་ཟོན།   སྤྱི་བདེ་སོགས་འགན་ནུས་སྡེ་ཁག་སོ་སོར་མཉམ་འབྲེལ་བྱས་ཏེ་མི་རེ་རེ་ཡིས་བདེ་འཇགས་གླེང་བ་དང་འཕྲལ་བསྟུན་ཐག་གཅོད་བྱེད་ཤེས་པའི་བརྗོད་དོན་ལ་དམིགས་ནས་ཞོད་འགོག་དང་བདེ་འཇགས་ཐོན་སྐྱེད་དྲིལ་སྒྲོག་བྱ་བ་ཏན་ཏིག་གིས་སྤེལ།   ང་ཚོས་དྲིལ་སྒྲོག་སློབ་གསོ་དང་མངོན་མེད་རྐྱེན་ངན་དག་ཐེར་ལེགས་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   མངའ་ཁུལ་ཁེ་ལས་དང་མང་ཚོགས་ལ་ཁ་ཕྱོགས་ནས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བཅའ་ཁྲིམས་དང་སྒྲིག་སྲོལ་དང་།   ཞོད་འགོག་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་བཏང་སྟེ་དམངས་ཡོངས་ཀྱི་བདེ་འཇགས་བྱང་ཚད་ཇེ་མཐོར་བཏང་།   གོ་རིམ་རྗེས་མར།   ང་ཚོས་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་།  མངོན་མེད་རྐྱེན་ངན་ལེབ་བཤེར་དང་འཕྲལ་བསྟུན་འགན་སྲུང་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་རྒྱུ་ཡིན་ཟེར།

ས་དེའི་མང་ཚོགས་ཝུན་ཝེ་པིན་གྱིས་བཤད་རྒྱུར།   ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་སྒྲོག་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་།  ལས་བྱེད་མི་སྣས་ཡུལ་དངོས་ནས་བདེ་འཇགས་རྒྱུན་ཤེས་སྣ་ཚོགས་འགྲེལ་བཤད་བྱས་པར་མ་ཟད།   ང་ཚོར་དྲིལ་སྒྲོག་རྒྱུ་ཆ་བྱིན་པས།   འཕྲལ་བསྟུན་ཤེས་བྱ་མང་པོ་སློབ་སྦྱོང་བྱས་ཟེར།

ཐེངས་འདིའི་སྡེ་ཁག་མང་པོ་མཉམ་འབྲེལ་གྱི་དྲིལ་སྒྲོག་བྱེད་སྒོ་ལས་ལས་རིགས་སོ་སོའི་དྲིལ་སྒྲོག་ཐོན་ཁུངས་ནུས་ལྡན་ལེགས་སྒྲིག་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་པོའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ།   འཕྲལ་བསྟུན་ཉེན་གཡོལ་བཅས་དང་འབྲེལ་བའི་ཤེས་བྱ་ཁྱབ་གདལ་བཏང་བ་དང་།    རྒྱུན་ཆད་མེད་པར་དམངས་ཡོངས་ཀྱི་བདེ་འཇགས་བསམ་བློའི་འགོག་ཐིག་ཇེ་བརྟན་དུ་བཏང་། 

​གསར་འགོད་པ། གནམ་འཚོ་སྐྱིད།

ལྷ་མོ་ཚེ་རིང་གིས་བསྒྱུར།