མཚོ་སྔོན་མེ་ཟོན་སྡེ་ཁག་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་སྔོན་གྱི་བདེ་འཇགས་ཞིབ་བཤེར་ལས་སྒོ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྔོན་ལ། མཚོ་སྔོན་གྱི་མེ་ཟོན་རོགས་སྐྱོབ་དཔུང་སྡེ་ཚོང་ར་དང་ཁྲོམ་ར། མགྲོན་ཁང་། ཟ་ཁང་། བཟའ་བཏུང་རོལ་རྩེད། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མི་སྣ་མང་པོ་འདུས་སར་བསྐྱོད་དེ། དུས་ཆེན་སྔོན་གྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་དྲིལ་སྒྲོག་གསོ་སྦྱོང་། ཁ་འགྲེམ་འཁྲབ་སྦྱོང་སོགས་གཅིག་སྡུད་སྒོས་སྤེལ་ཏེ། དུས་ཆེན་གྱི་མེ་ཟོན་བདེ་འཇགས་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་།

ད་ཐེངས་ཀྱི་ཞིབ་བཤེར་མེ་ཟོན་ལྟ་སྐུལ་པས་ལས་ཁུངས་ཀྱི་མེ་ཟོན་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད་དང་། མེ་ཟོན་སྒྲིག་བཀོད་དང་ཡོ་བྱད་འཐུས་ཚང་དང་ནུས་ལྡན་ཡིན་མིན། ཁ་འགྲེམ་བགྲོད་ལམ་དང་བདེ་འཇགས་ཕྱིར་གཏོང་ཤར་གཏོང་ཐུབ་མིན། མེ་སྤྱོད་གློག་སྤྱོད་སོལ་རླངས་ཚད་ལྡན་ཡིན་མིན། གཤེར་འགྱུར་རྡོ་སྣུམ་སོལ་རླངས་ཀྱི་ལྕགས་དམ་ཉར་ཚགས་དང་བེད་སྤྱོད་བདེ་འཇགས་ཀྱི་བླང་བྱ་དང་མཐུན་མིན་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུངནས་ཞིབ་བཤེར་ནན་མོ་བྱས།  གནས་ཡུལ་ཁག་ཅིག་ཏུ་མེ་གསོད་ཡོ་བྱད་དུས་ལས་ཡོལ་བ་དང་། དངོས་ཟོག་སྤུངས་ནས་མེ་ཟོན་བགྲོད་ལམ་བཀག་པ། གློག་ཤུགས་སྐུད་ལམ་རྙིང་འགྱུར་སོགས་ཀྱི་གནད་དོན་ལ་དམིགས་ཏེ། མེ་ཟོན་ལྟ་སྐུལ་པས་ཡུལ་དངོས་སུ་འབྲེལ་ཡོད་འགན་ཁུར་བར་བླང་བྱ་གཞིར་བཟུང་ནས་དག་ཐེར་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་བཏང་། ཁྲིམས་བསྟར་ནན་མོ་བྱེད་པའི་དུས་མཚུངས་སུ། མེ་ཟོན་དྲིལ་སྒྲོག་ཀྱང་དུས་གཅིག་ཏུ་སྤེལ། ས་གནས་སོ་སོའི་མེ་ཟོན་སྡེ་ཁག་སྡེ་ཁུལ་དང་ཁྲོམ་གཞུང་དུ་སོང་ནས། དྲིལ་སྒྲོག་རྒྱུ་ཆ་སྤྲོད་པ་དང་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཚོང་པ་དང་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་།

མཚོ་སྔོན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་དྲན་སྐུལ་བྱས་དོན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་སྐབས་སུ། ཁྱིམ་གྱི་གློག་དང་མེ། སོལ་རླངས་བཅས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། ཉི་ཁྱམས་དང་བར་ཁྱམས་ཀྱི་དངོས་པོ་མང་པོ་གཅིག་ཏུ་སྤུངས་པའི་རྣམ་པ་གཙང་སེལ་བྱེད་དགོས། ཐབ་ཚང་དུ་མེ་སྤྱོད་མཁན་གྱིས་མེ་ཡི་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཕྱི་ལ་འགྲོ་སྐབས་གློག་ཁུངས་དང་རང་བྱུང་སོལ་རླངས། སྒོ་དང་སྒེའུ་ཁུང་བཅས་དམ་པོར་རྒྱག་དགོས། གློག་སྒུལ་རྐང་འཁོར་ཐོག་ཁང་གི་ནང་དུ་འཇོག་མི་རུང་།  ཕྱི་ལ་སོང་ནས་དངོས་པོ་ཉོ་བ་དང་ཞག་སྡོད་བྱེད་པ། རོལ་རྩེད་བྱེད་པ་བཅས་ཀྱི་སྐབས་སུ། བདེ་འཇགས་ཀྱི་ཐོན་སྒོ་ལ་དོ་སྣང་བྱེད་དགོས་པ་དང་། སྲོག་ཉེན་ལས་ཐར་བའི་ཁ་ཕྱོགས་དང་ལམ་ཐིག་ལ་རྒྱུས་ལོན་བྱེད་དགོས། མེ་སྐྱོན་བྱུང་ཚེ་ཐག་ཉེ་ཤོས་ཀྱི་ཐོན་སྒོ་ནས་མྱུར་དུ་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས། གལ་ཏེ་མེ་སྐྱོན་བྱུང་ཚེ་དུས་ཐོག་ཏུ119ལ་ཁ་པར་བརྒྱབ་ནས་ཉེན་བརྡ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།