ཡུས་ཧྲུའུ་ཁུལ་གྱི་དུས་ཚིགས་དང་པོའི་གཏན་འཇགས་རྒྱུ་ནོར་ལས་དངུལ་གཏོང་གི་ཚད་ཨང་དང་པོར་སླེབས། 
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས22ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། 2026ལོའི་དུས་ཚིགས་དང་པོའི་ནང་། ཡུས་ཧྲུའུ་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དངུལ་གཏོང་བརྟན་པོའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལ་དམ་པོར་དམིགས་ནས།“འགོ་བརྩམས་མ་ཐག་དམག་འཐབ་དང་འགོ་བཙུགས་མ་ཐག་གདོང་མཆོང”གི་འགག་སྒྲོལ་ཉམས་འགྱུར་ཐོག་ནས་རྣམ་གྲངས་ཀྱི་དངུལ་གཏོང་ལ་སྐུལ་འདེད་བཏང་།    ཁུལ་ཡོངས་ཀྱི་དུས་ཚིགས་དང་པོར་གཏན་འཇགས་རྒྱུ་ནོར་ལས་དངུལ་གཏོང་གི་ཚད་དེ་དུས་མཉམ་ལས3.3%འཕར་ནས། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ལོ་ཧྲིལ་པོའི་དངུལ་གཏོང་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།   

ཁུལ་སྲིད་གཞུང་གིས་དངུལ་གཏོང་བཀོད་གཏོང་ཚོགས་འདུ་ཐེངས་མང་འཚོགས་ནས། དམིགས་འབེན་ལས་འགན་ཞིབ་ཕྲ་དང་རིམ་པ་རེ་རེར་གནོན་ཤུགས་སྟེར་བ། ལས་རིགས་གཙོ་གཉེར་སྡེ་ཁག་གིས་དངུལ་གཏོང་ལས་གཞི་རིམ་དབྱེ་དང་རིགས་དབྱེ་བཀོད་གཏོང་རྐྱེན་སྲོལ་བྱེད་ཐབས་སུ་བྱས་ནས། སྔོན་དཔག་གི་དམིགས་འབེན་དེ་བྱེ་བྲག་གི་ལས་གཞི་རུ་བསྒྱུར་བ་དང་། དུས་ཐོག་ཏུ་རྗེས་འདེད་ལྟ་ཞིབ་ཚད་ལེན་དང་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། དངུལ་གཏོང་གནད་འཁེལ་ཅན་གྱིས་བཀོད་གཏོང་བྱས་ནས། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བརྟན་པོའི་སྒོ་ནས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས། དེའི་ཁྲོད། ཀྲུང་དབྱང་སྔོན་རྩིས་ནང་དངུལ་གཏོང་ལས་གཞི་དང་གློག་ཤུགས་འཛུགས་སྐྲུན་ལས་གཞིའི་ཐད་བཏང་བའི་མ་དངུལ་གྱིས80%ཟིན་ཡོད་པ་དང་། དངུལ་གཏོང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྲོག་ཤིང་གི་སྒུལ་ཤུགས་སུ་གྱུར་ཡོད།     ནང་ཆེན་རྫོང་དང་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཁུལ་ཡོངས་ཀྱི་དངུལ་གཏོང་བསྡོམས་གྲངས་ལ་འདེགས་སྐྱོར་གྱི་ནུས་པ་འབུར་དུ་ཐོན་པ་དེས་བསྡུར་ཚད་སོ་སོར45%དང26%ཟིན་ཡོད། རྗེས་ཕྱོགས། ཡུས་ཧྲུའུ་ཁུལ་གྱི་ལས་གཞིའི་དངུལ་གཏོང་བྱ་བས་སྐྱེ་ཁམས་གཙོ་གནད་ལས་གཞི་སླར་གསོ་བྱ་ཡུལ་འོས་སྦྱོར་ཚོགས་འདུའི་བླང་བྱ་མཛུབ་ཁྲིད་དུ་བྱས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་གཞི་སླར་གསོ་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། དུས་ཚིགས་གཉིས་པའི་ཨར་ལས་མྱུར་ཚད་དམ་འཛིན་བྱས་ནས། སྔར་ལས་མང་པོའི་གྲངས་འབོར་བརྩོན་ལེན་བྱས་ཏེ།  ལོ་སྟོད་ཀྱི“ཕྱེད་ཀ་ལས་བརྒལ་བའི”དམིགས་འབེན་ལས་འགན་ཡོངས་འགྲུབ་བྱ་རྒྱུར་ཁག་ཐེག་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།