མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་དང་པོ་དེ་རྒྱལ་ཡོངས་ཀྱི་སྐྱེད་སྲིང་འཛུགས་སྐྲུན་ཁག་དང་པོའི་མིང་ཐོའི་ནང་ཚུད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྩ་འཛུགས་འོས་སྦྱོར་བྱས་པའི་རང་ཞིང་གི“རྒྱལ་ཁབ་རིམ་པའི་བོད་སྨན་ཚད་ལྡན་ཚོད་ལྟ་ཁང”དེ་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་སྐོར་དང་པོའི་རྒྱལ་ཁབ་སྤུས་ཚད་ཚད་གཞིའི་གསོ་སྤེལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ་དང་། དེ་ནི་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་ཐོག་མ་ཡིན་ལ། རང་ཞིང་གི་ཀྲུང་ལུགས་དང་བོད་ལུགས་སྨན་ཀྱི་སྤུས་ཚད་ཚད་གཞི་གསར་འཛུགས་ཐད་བླངས་པའི་ཐོལ་བརྒལ་ཆེན་པོ་ཞིག་རེད།  

རྒྱལ་ཁབ་ཀྱི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་གིས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་་དགོས་མཁོ་འགོ་རྩོམ་སར་བྱེད་པ་དང་།     སྤུས་ཚད་རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག་གལ་ཆེན་སྤེལ་བ་དང་། ཐུན་མོང་རང་བཞིན་གྱི་སྤུས་ཚད་བཟོ་སྐྲུན་ལག་རྩལ་འགག་སྒྲོལ་བྱེད་པ།     ཆུ་ཚད་མཐོ་བའི་ཚད་འཇལ་ལག་རྩལ་དང་ཚད་ལྡན་ཞིབ་དཔྱད་ཚད་ལེན།  ཚོད་ལྟའི་སྒྲིག་ཆས་བཅས་ཞིབ་འཇུག་དང་གསར་བཟོ་བྱས་ནས།     ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སྤུས་ཚད་གསར་གཏོད་དང་སྟེགས་བུ་བསྐྲུན་ནས།   རྒྱལ་ཁབ་ཀྱི་ཐོན་ལས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།

ཚོད་ལྟ་ཁང་དེ་ཞིང་ཆེན་སྨན་རྫས་བརྟག་བཤེར་ཞིབ་དཔྱད་ཚད་ལེན་ཁང་གིས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་མཉམ་འབྲེལ་བྱས་ཏེ་བསྐྲུན་པ་ཞིག་ཡིན་ལ། བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་། བོད་སྨན་གྱི་སྤུས་ཚད་ཚོད་འཛིན་དང་བདེ་འཇགས་དཔྱད་འཇོག་གི་ལྟེ་བའི་དགོས་མཁོར་དམིགས་ཏེ། སྤུས་ཚད་ཚོད་འཛིན་དང་དེ་མིན་བདེ་འཇགས་ཉེན་ཁའི་དཔྱད་འཇོག་ལག་རྩལ། སྤུས་ཚད་ཚད་གཞི། ཚད་ལྡན་དངོས་པོ་ཞིབ་འཇུག་དང་དེ་མིན་ཚན་རིག་དང་མཐུན་པའི་ལྟ་སྐུལ་དོ་དམ་ལག་རྩལ་གྱི་འདེགས་སྐྱོར་བཅས་གཙོ་གནད་དུ་སྤེལ་ནས། རྒྱལ་ནང་གི་སྔོན་ཐོན་དང་རྒྱལ་སྤྱིའི་ཐོག་རྩེ་གྲ་ཡིན་པའི་བོད་སྨན་སྤུས་ཚད་ཚད་གཞིའི་ཞིབ་འཇུག་དང་ལག་རྩལ་གསར་གཏོད་སྟེགས་བུ་བསྐྲུན་རྒྱུར་གཞོལ་ནས། མི་རིགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་འགན་སྲུང་ནུས་ལྡན་དང་། ཀྲུང་ལུགས་དང་བོད་སྨན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་ཆེད་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

གོ་རིམ་རྗེས་མར། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས《རྒྱལ་ཁབ་ཀྱི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་གི་དོ་དམ་བྱ་ཐབས》དང་དེ་མིན་སྤྱི་ཁྱབ་ཅུས་ཀྱི་བླང་བྱ་གཞིར་བཟུང་ནས། ཚོད་ལྟ་ཁང་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞིར་མཛུབ་ཁྲིད་བྱས་ཏེ། སྤུས་ཚད་གསར་གཏོད་ཞིབ་འཇུག་དང་འགག་རྩའི་ལག་རྩལ་འགག་སྒྲོལ།     ཚད་གཞི་ཞིབ་བཟོ་དང་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་དམིགས་ནས། འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འཛུགས་སྐྲུན་གྱི་འགན་འཁྲི་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱ་རྒྱུར་ཁག་ཐེག་བྱེད་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།