
ཟླ4བའི་ཚེས20ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དེ་ལོར། ཡུས་ཧྲུའུ་ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་སྡོད་ཁང་འགན་སྲུང་ཚན་ཁག་གིས་སྣེ་ཁྲིད་དེ་སྙན་ཞུ་སྤྲད་པའི་ཡུས་ཧྲུའུ་གྲོང་ཁྱེར་རྒྱལ་ཡོངས་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་དེ། ཞིང་ཆེན་རིམ་པའི་ཞིབ་བཤེར་ལ་གྲོས་འཆམ་བྱུང་རྗེས། བདེ་བླག་ངང་རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་བཤེར་ཆོག་མཆན་ཐོབ་པར་མ་ཟད་སྤྱི་བསྒྲགས་བྱས་པས། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལས་གཞིའི་ཁྲོད་ཚུད་པའི་ས་ཁུལ་གཅིག་པུར་གྱུར་བ་དང་། ས་གནས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་འཕེལ་རྒྱས་ལ་སྲིད་ཇུས་དང་མ་དངུལ་གྱི་གོ་སྐབས་འདོན་སྤྲོད་བྱས་ཡོད།
ཡུས་ཧྲུའུ་གྲོང་ཁྱེར་ལ་སྲོལ་རྒྱུན་གྲོང་སྡེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། མཚོ་བོད་མཐོ་སྒང་གི་བོད་རིགས་སྲོལ་རྒྱུན་འཛུགས་སྐྲུན་གྱི་རྣམ་པ་དང་གདོན་མའི་འཚོ་བའི་རྣམ་པ། དམངས་སྲོལ་རིག་གནས་བཅས་ཆ་ཚང་བར་སོར་འཇོག་བྱས་ཡོད་པ་དེ་ནི། ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཡིན། ཐེངས་འདིར“ཇ་རྟའི་གནའ་ལམ”སྲུང་སྐྱོབ་ཁུལ་གཙོ་བོའི་ལས་གཞིའི་ཆོག་མཆན་ཐོབ་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་མངའ་ཁོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་ལ་གྲོང་སྡེ་ཧྲིལ་བོར་སྲུང་སྐྱོབ་དང་། རྣམ་པ་མཐོར་འདེགས། རིག་གནས་རྒྱུན་འཛིན་དང་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། མངའ་ཁོངས་ཡོངས་ཀྱི་སྲུང་སྐྱོབ་འཕེལ་རྒྱས་མ་ལག་བསྐྲུན་པ་དང་། མ་དངུལ་གྱིས་མི་འདང་བ་དང་སྐུལ་འདེད་ཀྱི་ནུས་པ་ཞན་པའི་དཀའ་ཁག་ནུས་ལྡན་གྱིས་སེལ་ཡོད།
དེའི་ཁྲོད། འབྲོང་མདའ་ཞང་འཐག་མདའ་སྡེ་བའི་མེ་ཧྲིན་རུ་ཁག2026ལོའི་སྐོར་ཐེངས་དྲུག་པའི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ་ཡིན་པའི་ངོས་ནས། འཛུགས་སྐྲུན་གྱི་གྲུབ་ཆ་ཚང་བ་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་ལ་གོ་རིམ་ཡོད་ལ། ད་དུང་བརྙན་འཕྲིན་ཟློས་གར《བླ་ཤིང》གི་ཡུལ་ལྗོངས་གཙོ་བོ་ཡིན་པས། ལས་གཞི་འདིའི་གཙོ་གནད་གྲོང་སྡེ་དང་དཔེ་སྟོན་ས་ཁུལ་གཙོ་བོར་གཏན་ཁེལ་བྱས་ཡོད། སྡེ་བ་འདི་ནི་ཁུལ་ཡོངས་ནས་བརྙན་འཕྲིན་ཟློས་གར《བླ་ཤིང》དང་དམ་དུ་འབྲེལ་བའི་གནས་གཅིག་པུ་ཡིན་ལ། རིག་གནས་ཀྱི་རྫོང་མཐུག་ཅིང་སྐྱེ་ཁམས་ལ་མཛེས་སྡུག་ལྡན་པའི་ཁྱད་ཆོས་འཛོམས་པས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན།
ཡུས་ཧྲུའུ་གྲོང་ཁྱེར་གྱིས་ལས་གཞིའི་ཆོག་མཆན་ཐོབ་པ་གོ་སྐབས་སུ་བཟུང་ནས། མངའ་ཁོངས་ཡོངས་ནས་གཅིག་གྱུར་བཀོད་འདོམས་ཀྱིས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོབ་ཞིག་གསོ་དང་སྒྲིག་ཆས་འཐུས་ཚང་གི་ལས་འགན་གསལ་ཐོ་གསེད་བཀྲོལ་བྱས་ཏེ། ཡུན་རིང་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། མེ་ཧྲིན་རུ་ཁག་ལ་གཞི་བཙུགས་ཏེ། “བླ་ཤིང”གི་ས་གནས་ཁྱད་ཆོས་དང་མཐོ་སྒང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།