
ཟླ4བའི་ཚེས20ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་ན་གཞོན་དཔེ་ཀློག་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སྤེལ་བ་དང་། དེས2026ལོའི་མཚོ་སྔོན་ཞིང་ཆེན་སློབ་གླིང་དཔེ་ཀློག་བྱ་འགུལ་གྱི་ཡོལ་བ་ཁྱོན་ཡོངས་ནས་ཕྱེས་པ་མཚོན། འདི་ནི《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་འདེད་སྲོལ་ཡིག》ཁྱབ་བསྒྲགས་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་སྐབས་དང་པོའི་ན་གཞོན་དཔེ་ཀློག་བྱ་འགུལ་ཡིན།
ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་སྒྲུབ་བྱས་པ་དང་། “དཔེ་ཀློག་གི་དྲི་བསུང་སློབ་གླིང་དུ་ཁྱབ། འབད་བརྩོན་གྱི་ཁ་ཕྱོགས་མ་འོངས་པ་གཏད།”ཞེས་པ་བརྗོད་གཞི་བྱས་ཡོད། མགོ་རྩོམ་མཛད་སྒོའི་སྟེང་། དགེ་རྒན་དང་སློབ་གྲོགས་ཚོས་སྙན་ངག་གྱེར་འདོན་དང་། གླུ་གར་སོགས་སྣ་མང་སྒྱུ་རྩལ་གྱི་རྣམ་པས། རིག་གནས་ཀྱི་རྨང་མཐུག་ཞིང་ལང་ཚོའི་གསོན་ཤུགས་དང་དུས་རབས་ཀྱི་རྣམ་པ་མངོན་པའི་དཔེ་ཀློག་གི་གསོལ་སྟོན་བཤམས། དེ་ནི་དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་བཟང་བོ་ཀློག་པ། དཔེ་ཆ་ཀློག་ཤེས་པ་བཅས་ཀྱི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་ཡོད་ལ། དཔེ་ཀློག་དེ་ཉིན་རྒྱུན་གྱི་སློབ་སྦྱོང་འཚོ་བའི་ཁྲོད་མཉམ་འདྲེས་བྱེད་པ་དང་། དཔེ་ཀློག་གི་དྲི་བསུང་ཁྲོད་མི་གསོ་སྐྱོང་བྱེད་པ་དང་རྣམ་དཔྱོད་འཕེལ་བར་བྱེད་པ། རྒྱལ་གཅེས་ཀྱི་བརྩེ་བ་སྐྱོང་བ། རིག་གནས་ཀྱི་རང་རློམ་འཕེལ་བ་བཅས་བྱས་ཡོད།
ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ན་གཞོན་སློབ་མའི་དཔེ་ཀློག་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་དཔེ་ཀློག་ཁྱབ་གདལ་དང་ཟབ་སྤེལ་ལ་སྐུལ་འདེད་གཏོང་བ་དང་། དཔེ་ཀློག་དང་སློབ་གསོ་མཉམ་འདྲེས་བྱེད་པར་རྨང་གཞི་སྲ་བརྟན་འདིང་བ། ཕུན་སུམ་ཚོགས་པའི་རྣམ་པ་བཟང་བོ་གྲུབ་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གླིང་དཔེ་ཀློག་རྩ་འཛུགས་འཛུགས་པའི་མ་ལག་རིམ་བཞིན་གྲུབ་པར་བྱས་ཡོད།
མིག་སྔར། མཚོ་སྔོན་གྱིས་དཔེ་ཀློག་སློབ་གླིང་འཛུགས་པར་ཐོལ་བརྒལ་གསར་བ་བྱུང་བ་མངོན་འགྱུར་བྱས་ཡོད་ལ། ཤུགས་ཆེན་པོས་དཔེ་ཀློག་སློབ་གླིང་གིས་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། “སློབ་གཙོས་དགེ་རྒན་གྱི་སྣེ་ཁྲིད་པ་དང་། དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་པའི”རྣམ་པ་གྲུབ་པར་བྱས་ཡོད། རྒྱུན་མཐུད་ངང“དཔེ་ཀློག་དང་མཉམ་དུ་བསྐྱོད་པ”དང“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་ལོ་ཆུང་བྱིས་པའི་དཔེ་ཀློག་ཁྱབ་གདལ་ཟླ་བ། “ན་གཞོན་དཔེ་ཀློག་དུས་ཚིགས།”“སྔོན་གཤེགས་དཔའ་བོར་གུས་འདུན་ཞུ་བ”བཅས་བརྗོད་དོན་དཔེ་ཀློག གྱེར་འདོན་འགྲན་བསྡུར། སློབ་གླིང་སྙན་ཚིག་ཚོགས་ཆེན་སོགས་བརྗོད་དོན་ཆེན་པོ་དྲུག་གི་ལོ་འཁོར་བྱ་འགུལ་གྱི་རྣམ་པ་གྲུབ་པར་བྱེད་པ་དང་། སློབ་མའི་དཔེ་ཀློག་གི་སྤྲོ་སེམས་འཕེལ་བར་བྱས་ཏེ། ན་གཞོན་དག“གཞན་དབང་གིས་ཀློག་པ”ནས “རང་འགུལ་གྱིས་ཀློག་པར”ཚུལ་བསྒྱུར་བྱེད་པ། དཔེ་ཀློག་དེ་མི་ཚེ་གང་བོའི་འཚོ་བ་སྐྱེལ་སྟངས་དང་སེམས་ཀྱི་རེ་འདུན་འཚོལ་སྙེག་བྱེད་པ་དང་མཉམ་དུ་གནས་བར་བྱེད་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།