ཁོས་རྩྭ་ཐང་དུ་བཟོ་གྲྭ་བཙུགས་པ་འབྲོག་པའི་སེམས་སུ་སིམ།  ——རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་གཞོན་ནུ་ལས་གཏོད་པ་དཀོན་མཆོག་ཚེ་བརྟན་གྱི་སྐོར་བཀོད་པ།    
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

    ​ཟླ3པའི་ཚེས20ཉིན་གྱི་སྔ་དྲོར།    ཉི་འོད་རབ་ཏུ་འཕྲོས་ཡོད། ཤ་མདངས་སྨུག་པོ་ཡིན་པའི་བོད་རིགས་གཞོན་ནུ་ཞིག་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རྩྭ་ཐང་དུ་རྐེད་པ་སྒུར་ནས་མཛོད་ཁང་ནས་ཐོན་མ་ཐག་པའི་གཟན་རྩྭར་ལྟ་བཞིན་ཡོད།     ཁོའི་མིང་ལ་དཀོན་མཆོག་ཚེ་བརྟན་ཟེར།     ད་ལོ་ལོ38ལ་སླེབས་པ་དང་། ཧི་ནན་རྫོང་ཞིན་མུའུ་གཟན་རྩྭ་ལས་སྣོན་ཚད་ཡོད་ཀུང་སིའི་འགན་ཁུར་པ་ཡིན་ལ། གཡུ་སྒང་ཉིན་གྲོང་རྡལ་ཕྱུག་སྐྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའང་ཡིན།    

ཆེད་ཚན་སློབ་ཆེན་ནས་མཐར་ཕྱིན་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་ནས་བཟུང་། ད་ལྟ་ལོ་རེར་ཏུན་ཆིག་འབུམ་ཐོན་སྐྱེད་བྱེད་པའི་དེང་རབས་ཅན་གྱི་གཟན་རྩྭ་ལས་སྣོན་རྟེན་གཞི་ཡོད་ལ། དཀོན་མཆོག་ཚེ་བརྟན་གྱིས་ལོ་བཅུ་ལྷག་གི་དུས་ཡུན་སྤྱད་དེ་མཐོ་སྒང་སྟེང་རྒྱུན་ལྡན་མིན་པའི་ལས་གཏོད་ལམ་བུ་ཞིག་བཏོད་ཡོད།    

ཕ་ཡུལ་དུ་ལོག་སྟེ་ཕྱིར་བཤོལ་མེད་པར་རྩྭ་ཐང་དུ་རྩ་བ་ཚུགས་ནས་ལམ་བུ་གསར་པ་ཞིག་གི་འགོ་བརྩམས།

2008ལོར་སློབ་གྲྭ་ནས་མཐར་ཕྱིན་པའི་དཀོན་མཆོག་ཚེ་བརྟན་གདམ་ག་ཞིག་ལ་འཕྲད་པ་ནི།    གྲོང་ཁྱེར་དུ་སྡོད་དགོས་སམ་ཡང་ན་རྩྭ་ཐང་དུ་ལོག་དགོས་སམ།    

ཁོས་རྗེས་མ་དེ་བདམས།   དཀོན་མཆོག་ཚེ་བརྟན་གྱིས“ཁྱིམ་གྱི་རྒན་རྒོན་ལ་བདག་སྐྱོང་བྱེད་དགོས།     ཡང་གཅིག་བཤད་ན་ང་ཆུང་དུས་ནས་རྩྭ་ཐང་དུ་འཚར་ལོངས་བྱུང་བས་རང་ཉིད་ཀྱིས་འདི་གར་བྱ་བ་གང་ཞིག་བསྒྲུབ་དགོས་སྙམ་གྱིན་འདུག”ཟེར།

ཧི་ནན་རྫོང་དུ་ལོག་རྗེས་ཁོས་ན་ཟླ་མང་ཆེ་བ་ལྟར་ཁྱིམ་མིའི་ལག་གི་འུར་ལྕ་མ་བླངས་པར་གང་སར་ཞོར་ལས་བྱེད་པ་དང་།     ཚོང་ལམ་འཚོལ་བ།     གཉེར་སྐྱོང་སྦྱོང་བ་བཅས་བྱེད་ཀྱིན་ཡོད།     ལོ་དེ་དག་གི་རིང་ཁོས་རྫོང་མཁར་དུ་ཚོང་ཆུང་ཆུང་ཞིག་གཉེར་མྱོང་བ་དང་།     འབྲོག་ཁུལ་དུ་ཕྱིར་འཚོང་གཉེར་མྱོང་བ།     མ་རྩ་ཆུང་ངུའི་གཉེར་སྐྱོང་སྣ་ཚོགས་ཀྱང་བྱས་མྱོང་ཡོད།     དཀའ་ལས་ཆེ་ནའང་ཁོའི་སེམས་སུ་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་དུ་བྱ་གཞག་ཅིག་འབད་བརྩོན་བྱ་རྒྱུའི་ཡིད་ཆེས་ཤིག་ཡོད།     

2017ལོར་དཀོན་མཆོག་ཚེ་བརྟན་ཧི་ནན་རྫོང་ཚོང་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པར་བདམས་ཐོན་བྱུང་བ་དང་།     ལོ་གཉིས་འགོར་རྗེས།     ཁོ་ཡང་རྫོང་གཞོན་ནུའི་ལས་གཏོད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་གྱུར།     ཉམས་མྱོང་འདི་དག་ལས་ཁོ་ལ་དེ་ལས་མང་བའི་ལས་གཏོད་པ་དང་རོང་འབྲོག་པ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་བྱུང་བ་མ་ཟད།     ཁོས་ཕ་ཡུལ་གྱི་ཕྱུགས་ལས་ཐད་བསམ་གཞིགས་དེ་བས་གཏིང་ཟབ་བྱས།    

དཀོན་མཆོག་ཚེ་རིང་གིས“ང་ཚོའི་ཧི་ནན་རྫོང་གི་དངུལ་རའི་ལུག་དང་ཤོ་ཏོ་ནོར་གནག་ནི་རྒྱུད་བཟང་ཡིན་མོད།     འོན་ཀྱང་ལོ་རེའི་དགུན་དུས་དང་དཔྱིད་དུས་སུ་འབྲོག་པ་ཚོས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་གཟན་རྩྭས་མི་འདང་བ་དེ་རེད”ཟེར། “སྐབས་དེ་དུས་ངའི་བསམ་པར་གལ་སྲིད་གནད་དོན་འདི་ཐག་གཅོད་ཐུབ་ཚེ་ཚང་མའི་ཡོང་འབབ་འཕར་རྒྱུ་ཡིན་པ་མ་ཟད།   ང་ཚོའི་ཕྱུགས་ལས་འཕེལ་རྒྱས་དེ་བས་ཡག་པོ་ཡོང་རྒྱུ་རེད་བསམ་བྱུང”ཟེར།      

ལས་གཏོད།    

འགག་སྒྲོལ་དཀའ་སེལ་བྱས་ནས་གཟན་རྩྭ་རྨང་གཞིར་བྱས་ཏེ་དར་རྒྱས་ཡོང་བར་སྐུལ་སྤེལ་བཏང་།    

2019ལོར་དཀོན་མཆོག་ཚེ་བརྟན་གྱིས་བློ་ཁོག་ཆེན་པོས་གཟན་རྩྭ་ལས་སྣོན་ཁེ་ལས་འཛུགས་རྒྱུའི་ཐག་གཅོད་བྱས་པ་རེད།    

ཐག་གཅོད་འདི་ནི་སྐབས་དེའི་ངར་ལངས་པ་ཞིག་མིན།     ཕྱུགས་ལས་ནི་ཧི་ནན་རྫོང་གི་རྫོང་ཁོངས་དཔལ་འབྱོར་གྱི་རྐང་འཛིན་ཐོན་ལས་ཡིན་པས།    གལ་ཏེ་ཁྱིམ་གྱི་སྒོ་འགྲམ་དུ་དེང་རབས་ཅན་གྱི་གཟན་རྩྭ་ལས་སྣོན་བཟོ་གྲྭ་ཞིག་བསྐྲུན་ཐུབ་ན།    དཀའ་གནད་མང་པོ་ཞིག་ཐག་གཅོད་བྱེད་ཐུབ།    

བཟོ་གྲྭ་འཛུགས་པར་སྒོར་མོ་དགོས་པ་མ་ཟད།    སྒོར་མོ་འབོར་ཆེན་ཞིག་ཀྱང་དགོས།     དཀོན་མཆོག་ཚེ་བརྟན་གྱིས་རྩིས་བརྒྱབ་པ་སྟེ།     ས་ཞིང་དང་།     བཟོ་ཁང་།  སྒྲིག་ཆས།     མ་བཅོས་རྒྱུ་ཆ་སོགས་སྒོར་བྱེ་བ་ལྷག་མེད་ན་རྩ་བ་ནས་སྒྲུབ་མི་ཐུབ། ཁོ་ཕྱི་སྣུར་མ་བྱས་པར་ཕྱོགས་གཅིག་ནས་ལས་གཞིའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་གཞོན་ནུའི་ལས་གཏོད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་ཟླ་ཚོ་དང་མཉམ་འབྲེལ་བྱས་ནས་མ་རྩ་རང་གྲབས་བྱས་པ་རེད།    

མཇུག་མཐར་ཁོས་སྒོར་བྱེ་བ་གཉིས་ས་ཡ་གཅིག་འབུམ་བརྒྱད་བསྡུ་སྒྲིལ་བྱས་ནས་ཧི་ནན་རྫོང་གི་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་ཁུལ་དུ་དེང་རབས་ཅན་གྱི་གཟན་རྩྭ་ལས་སྣོན་རྟེན་གཞི་བསྐྲུན་པ་རེད།  དངོས་གཞིའི་ལས་བཟོ་པ23ཡོད་པ་དང་ལོ་རེར་ཏུན་ཆིག་འབུམ་ཐོན་སྐྱེད་བྱེད་པའི་ཐོན་ནུས་འཆར་འགོད་ནང་ཁོ་དང་ཡུལ་མི་ཚོའི་རེ་བ་བསྣམས་ཡོད།    

དཀོན་མཆོག་ཚེ་བརྟན་གྱིས“བཟོ་གྲྭ་འཛུགས་སྐབས་དཀའ་ངལ་ཆེ་ཤོས་ནི་མ་དངུལ་དང་ལག་རྩལ་རེད།     སྟབས་ལེགས་པ་ཞིག་ལ་ང་ཚོ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་ལེགས་པོའི་རྗེས་ཆོད་པ་མ་ཟད།     རྫོང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ངས་ངེས་པར་དུ་བྱ་བ་འདི་ལེགས་འགྲུབ་ཡོང་བར་བྱེད་དགོས་པ་ལས་ང་ལ་ཡིད་ཆེས་བྱེད་མཁན་ཡུལ་མི་ཚོའི་བློ་ཕམ་དུ་འཇུག་མི་རུང་བསམ་བྱུང”ཟེར། 

ཀུང་སིས“ཀུང་སི་དང་མཉམ་ལས་ཁང”གི་ལས་གཉེར་བྱེད་སྟངས་སྤྱད་དེ་མཐའ་འཁོར་གྱི་འབྲོག་ཁྱིམ་དང་བརྟན་བརླིང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད།   མ་བཅོས་རྒྱུ་ཆ་ཉོ་སྒྲུབ་བྱེད་པ་ནས་ཐོན་སྐྱེད་ལས་སྣོན་བྱེད་པའི་བར།    སྤུས་ཚད་ཚོད་འཛིན་བྱེད་པ་ནས་ཁྲོམ་རའི་ཕྱིར་འཚོང་བར་དཀོན་མཆོག་ཚེ་བརྟན་གྱིས་བྱ་བ་གང་ཡང་དངོས་ཞུགས་འབད་སྒྲུབ་བྱེད་ཀྱིན་ཡོད།     ལོ་ཤས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ཀུང་སིས་ཐོན་སྐྱེད་བྱས་པའི་སྤུས་ལེགས་གཟན་རྩྭས་ས་གནས་ཀྱི་འབྲོག་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐངས་པ་མ་ཟད།    ད་དུང་ཉེ་འཁོར་ས་ཁུལ་དུ་ཕྱིར་འཚོང་བྱེད་ཀྱིན་ཡོད།    

འགན་ཁུར།    

རང་དཔེ་གཞན་སྟོན་གྱིས་འགན་འཁྲི་འཁུར་ནས་དམངས་སེམས་ལ་དྲོད་ཁོལ་བསྩལ།      

2021ལོར་དཀོན་མཆོག་ཚེ་བརྟན་ལ་སླར་ཡང་ཐོབ་ཐང་གཅིག་གི་ཇེ་མང་དུ་ཕྱིན་པ་སྟེ།    ཧི་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་ཕྱུག་སྐྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན།

“མི་གཅིག་ཕྱུག་ན་ཕྱུག་པོར་མི་བརྩི།   ཚང་མ་ཕྱུག་ན་དངོས་གནས་ཕྱུག་པོ་རེད”ཅེས་ཟེར་བ་འདི་ནི་དཀོན་མཆོག་ཚེ་བརྟན་གྱིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་ཡིན།   ཁེ་ལས་དོ་དམ་པ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་པའི”བར་ཁོས་ཕྲག་ཐོག་གི་འགན་ཁུར་དེ་བས་ལྕི་རུ་ཕྱིན་པ་གསལ་པོར་ཤེས་ཀྱིན་ཡོད།    

ལས་འགན་ཁུར་མ་ཐག་དཀོན་མཆོག་ཚེ་བརྟན་སྡེ་བར་ཟབ་ཞུགས་བྱས།     ཁོས་ཁྱིམ་ཚང་རེ་རེ་བཞིན་བཅར་འདྲི་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ལ་རྒྱུས་ལོན་བྱས་ཤིང་།     “སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང”གི་འགོ་ཁྲིད་ཚན་ཁག་རྩ་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ་སྡེ་བའི་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱས།     རང་ཉིད་ཀྱི་ཁེ་ལས་ཐོན་ཁུངས་སྤྱད་དེ་སྡེ་བར་ཆེད་དུ་ལས་གཞི་བརྩོན་ལེན་དང་ལག་རྩལ་ནང་འདྲེན་བྱས།    

དཀོན་མཆོག་ཚེ་བརྟན་གྱིས“སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཁུར་བ་དང་མ་རྐང་བདག་པོ་བྱེད་པ་མི་འདྲ་སྟེ།    མ་རྐང་བདག་པོས་དོ་དམ་བྱེད་པ་ནི་ཁེ་ལས་ཀྱི་དོན་དག་ཡིན་པ་དང་།     སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡིས་དོ་དམ་བྱེད་པ་ནི་མང་ཚོགས་ཀྱི་དོན་དག་ཡིན”ཟེར།     “འོན་ཀྱང་ཆ་འདྲ་བ་ཞིག་ཡོད་པ་ནི་ཚང་མ་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས།     མང་ཚོགས་ཀྱི་དོན་དག་ཇི་ལྟར་ཆུང་ནའང་དོན་ཆེན་ཞིག་ཡིན་པས་ཁྱོད་རང་ཁོ་ཚོའི་ནང་སེམས་སུ་སིམ་ཐུབ་པར་བྱེད་དགོས་ཟེར།  

ཁོའི་སྣེ་ཁྲིད་འོག་ཕྱུག་སྐྱ་སྡེ་བའི་རྣམ་པ་གསར་རྐྱང་དུ་གྱུར་ནས་སྡེ་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ཡོད།     2022ལོར་སྡེ་བའི་ནང་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་གཞི་ལག་བསྟར་བྱས་པས་ཨར་འདམ་ལམ་ལས་པ་དང་ལམ་སྒྲོན་བཀར་ནས་སྡེ་མིའི་གནས་སྡོད་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད།     དེ་དང་ཆབས་ཅིག་ཁོས་གཟན་རྩྭ་ལས་སྣོན་བཟོ་གྲྭའི་དགེ་མཚན་ལ་བརྟེན་ནས་སྡེ་བ་དེ་གའི་འབྲོག་ཁྱིམ་གྱི་གཟན་རྩའི་རྒྱུ་ཆ་སྔོན་ལ་ཉོ་སྒྲུབ་བྱས་པས་འབྲོག་ཁྱིམ40ལྷག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད།    

དཀོན་མཆོག་ཚེ་བརྟན་གྱིས་འབད་བརྩོན་བྱས་པར་རྩ་འཛུགས་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་རེད།     ཁོ་ལ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་།     རྨ་ལྷོ་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་།     ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།    

རེ་འདུན།  

བརྟན་བགྲོད་རྒྱང་འཁྱོལ་གྱིས་མཐོ་སྒང་གི་ཕྱུགས་ལས་ལ་དཔེ་རིས་བཀོད།

ད་ལྟ་ཧི་ནན་རྫོང་ཞིན་མུའུ་གཟན་རྩྭ་ལས་སྣོན་ཚད་ཡོད་ཀུང་སི་དེ་ཐོག་མར་འཛུགས་དུས་ཀྱི་ལས་སྣོན་བཟོ་གྲྭ་ཆུང་གྲས་ནས་ཐོན་སྐྱེད་དང་།     ཞིབ་སྤེལ།     ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྣེ་འདྲེན་ཁེ་ལས་སུ་འཕེལ་རྒྱས་ཕྱིན་ཡོད་པ་རེད།    

དཀོན་མཆོག་ཚེ་བརྟན་གྱི་སྐུལ་འདེད་འོག་ཀུང་སིས་ཚན་རྩལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་ནང་འདྲེན་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ནན་མོ་སྲུང་ཡོད།     ཁོས་རྒྱུན་དུ“ང་ཚོའི་དམིགས་ཡུལ་ནི‘ཞིན་མུའུ’མཐོ་སྒང་གཟན་རྩའི་ཟོང་རྟགས་ཨང་དང་པོར་གྱུར་དུ་བཅུག་ནས་འབྲོག་པ་ཚོར་བློ་བདེ་བ་དང་ཕན་ཆེ་ཤོས་ཀྱི་གཟན་རྩྭ་སྤྱོད་དུ་འཇུག་ཆེད་དེ་ཡིན”ཟེར།

“རྐང་འོག་ཏུ་ས་འདམ་ཅི་ཙམ་འབྱར་ན་སེམས་སུ་བརྩེ་དུང་དེ་ཙམ་ཡོད”ཅེས་པ་འདི་ནི་དཀོན་མཆོག་ཚེ་བརྟན་གྱིས་རྟག་ཏུ་རང་ཉིད་ལ་སྐུལ་མ་གཏོང་བའི་སྐད་ཆ་ཞིག་ཡིན།     གཞོན་ནུ་ལས་གཏོད་པ་ནས་ཐོན་ལས་ཀྱི་སྣེ་ཁྲིད་པའི་བར།     ཁེ་ལས་ཀྱི་མ་རྐང་བདག་པོ་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་བར་ཁོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་གཞོན་ནུ་ཚོས་ཕུགས་འདུན་བཅངས་ནས་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་ཚེ་ཡངས་ཤིང་རྒྱ་ཆེ་བའི་གཞི་རིམ་གྱི་ས་གཞི་ཆེན་པོར་དུས་རབས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་རྒྱུགས་ལན་འབྲི་ཐུབ་པ་ར་སྤྲོད་བྱས་ཡོད།    

འབྱུང་འགྱུར་སྐོར་གླེང་སྐབས་དཀོན་མཆོག་ཚེ་བརྟན་ཡིད་ཆེས་ཀྱིས་ཁེངས་ནས“ངས་གཟན་རྩྭའི་ཐོན་ལས་སྟོབས་ཆེ་རུ་བཏང་ནས་འབྲོག་པ་དེ་ལས་མང་པོའི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཟེར།

ལ་ཁའི་ཉི་མ་ནུབ་རིར་བཞུད་དུས་དཀོན་མཆོག་ཚེ་བརྟན་རྩྭ་ཐང་དུ་ལངས་ནས་རྒྱང་རིང་གི་ནོར་ལུག་ལ་བལྟས་འདུག ལང་ཚོ་གཞོན་པའི་དུས་སུ་འབད་བརྩོན་མི་བྱེད་མཁན་སུ་ཞིག་ཡོད། ཁོས་རང་ཉིད་ཀྱི་ལག་ལེན་ལ་བརྟེན་ནས་མཐོ་སྒང་གཞོན་ནུ་ཚོའི་ལང་ཚོའི་རྣམ་པ་མི་འདྲ་བ་བདེན་དཔང་བྱས་ཡོད།     

མཚོ་མོ་སྐྱིད་ཀྱིས་བསྒྱུར།