མཚོ་སྔོན་གྱི་སྡེ་ཁག་མང་པོ་མཉམ་འགུལ་གྱིས་ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་མཉམ་འབྲེལ་གྱི་རྐྱེན་སྲོལ་གསར་བ་བཙུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཟླ3པའི་ཚེས27ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པ་དང་། སློབ་གསོ་དང་དམངས་སྲིད། མི་དོན། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་བཅུ་བཞི་མཉམ་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་མཉམ་འབྲེལ་གྱི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པ་དང་། མཐུན་སྦྱོར་མཉམ་འགུལ། གཅིག་བསྡུས་འགན་སྲུང་། གནད་འཁེལ་རོགས་སྐྱོབ། རིག་ནུས་ཚོད་འཛིན་བཅས་ཀྱི་ཕྱོགས་བསྡུས་རོགས་སྐྱོབ་རྣམ་པ་གསར་བ་བསྐྲུན་ནས། ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་ཕན་ཚུན་སྦྲེལ་མཐུད་དང་ཕྱོགས་གཅིག་ཤུགས་འདོན་བྱེད་པར་སྐུལ་འདེད་བཏང་།

ལག་བསྟར་བསམ་འཆར་ལས་ལམ་ལུགས་སྔོན་ལ་ལག་བསྟར་དང་མཐུན་སྦྱོར་མཉམ་འགུལ་ཤུགས་སྣོན། ཁྲིམས་འཛིན་རོགས་སྐྱོབ་ཀྱི་ལག་བསྟར་བྱེད་ཐབས་དང་མ་དངུལ་གྱི་ཚད་གཞི་སོགས་ལམ་ལུགས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་། རོགས་སྐྱོབ་ཁྱབ་ཁོངས་དང་ཁུངས་སྣེ་བརྒྱུད་སྤྲོད། ལས་རིམ་སྦྲེལ་མཐུད་སོགས་ཀྱི་བརྒྱུད་རིམ་ལས་བགོ་གཏན་འཁེལ་བྱས་ཏེ། ཆ་འཕྲིན་གྱི་བཀག་རྒྱ་དང་མཉམ་ལས་ཀྱི་དཀའ་གནད་སེལ་ཐབས་བྱས། ཁྲིམས་འཛིན་རོགས་སྐྱོབ་དང་དམའ་སྲུང་མཐའ་སྲུང་། སྨན་བཅོས་འགན་སྲུང་། ལས་ཞུགས་རོགས་སྐྱོར། སློབ་གསོའི་རོགས་སྐྱོར། སྡོད་ཁང་རོགས་སྐྱོབ། སེམས་ཁམས་སློབ་སྟོན། བཅའ་ཁྲིམས་རོགས་སྐྱོབ་སོགས་བྱེད་ཐབས་སྣ་མང་ལེགས་སྒྲིག་བྱས་པ་དང་། རོགས་སྐྱོབ་དེ་སྣ་རྐྱང་རོགས་སྐྱོབ་ནས་སྣ་མང་རོགས་སྐྱོབ་དང་། ཐེངས་གཅིག་རོགས་སྐྱོབ་དེ་ཐབས་ལམ་མང་པོའི་ཐུགས་ཁུར་གྱི་ཕྱོགས་སུ་ཚུར་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། དཀའ་ཁག་ཡོད་པའི་མི་སྣར་ཕྱོགས་ཡོངས་ཀྱི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱས།

འགན་སྲུང་གི་ངོས་ནས། མཚོ་སྔོན་གྱི་གོང་འོག་ཚང་མ་མཐུན་སྦྱོར་གྱིས་མ་དངུལ་དང་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་། ཀྲུང་དབྱང་གི་ནོར་སྲིད་རྒྱབ་སྐྱོབ་བརྩོན་ལེན་བྱེད་པ་དང་མཉམ་དུ། ཞིང་ཆེན་དང་། གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་རིམ་པ་དེའི་སྔོན་རྩིས་སུ་བཞག་ནས། མ་དངུལ་གྱི་བརྟན་བརླིང་འདོན་སྤྲོད་ལ་འགན་སྲུང་བྱས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཨུ་ཡོན་ལྷན་ཁང་དང་བྱ་བའི་འབྲེལ་འདྲིས་གཞུང་སྒྲུབ་ཁང་བཙུགས་ཏེ། རོགས་སྐྱོབ་བྱ་བ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་སྟོང་གཉིས་དང་དྲུག་བརྒྱ་སྒྲུབ་ནས། མི་སྟོང་གསུམ་དང་ལྔ་བརྒྱར་རོགས་སྐྱོབ་བྱས། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྟུད་མར་ལོ་དྲུག་གི་རིང་ཁྲིམས་འཛིན་རོགས་སྐྱོབ་ཞིང་ཆེན་ཡོངས་སུ་ཁེབས་པར་བྱས་པར་མ་ཟད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་ཐོག་མར་གཞོགས་འདེགས་ཀྱིས་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་སྒྲུབ་པ་དང་། རོགས་སྐྱོབ་མ་དངུལ་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་སུ་སྒྲུབ་པའི་རོགས་སྐྱོབ་གྱོད་གཞི་ལས་ཨང་གཉིས་པར་སླེབས་ཤིང་། མི་དམངས་མང་ཚོགས་ཀྱིས་དངོས་སུ་འདྲ་མཉམ་དྲང་གཞག་དང་ཁྲིམས་འཛིན་གྱི་དྲོད་འཁོལ་ཚོར་ཐུབ་པར་བྱས།

ཚོགས་པ་གཙོ་བོའི་གནད་འཁེལ་རོགས་སྐྱོབ་ལ་དམིགས་ཏེ། ཆེད་དོན་འགུལ་སྐྱོད་ལ་བརྟེན་ནས་རང་འགུལ་གྱིས་ཆ་རྐྱེན་དང་འཚམ་པའི་རོགས་སྐྱོབ་བྱ་ཡུལ་གྲལ་བཤེར་བྱས་པ་དང་། གཙོ་བོ་བུད་མེད་དང་བྱིས་པ་སོགས་ཉམ་ཆུང་ཚོགས་པར་རོགས་སྐྱོབ་བྱས་ནས། གྱོད་དཔེ་མང་པོ་རྒྱལ་ཡོངས་ཀྱི་དཔེ་མཚོན་དུ་བདམས། རོགས་སྐྱོབ་དེ་ཉེས་དོན་དང་། འགྲིམ་འགྲུལ་དོན་རྐྱེན་གྱི་ཁེ་དབང་ལ་གནོད་འཚེ་བཟོས་པ། གཉོར་སྐྱོང་འགྲོ་གྲོན་བདའ་འདེད་སོགས་ཀྱི་ཁྱབ་ཁོངས་ལ་ཁེབས་ཡོད།

དེ་དང་མཉམ་དུ། མཚོ་སྔོན་གྱིས་ཆ་འཕྲིན་གྱིས་སྟོབས་ནུས་བསྩལ་ཏེ་རིག་ནུས་ཚོད་འཛིན་ཟབ་སྤེལ་དང་། སྲིད་ཁྲིམས་ཀྱི་སྡེ་ཁག་བརྒལ་བའི་གཞི་གྲངས་ཆེན་མོའི་གྱོད་སྒྲུབ་སྟེགས་བུ་བསྐྲུན་པའི་ཁྲིམས་འཛིན་རོགས་སྐྱོབ་དོ་དམ་མ་ལག་ལ་བརྟེན་ནས། རེ་ཞུ་དང་བཤེར་འབེབས། ཚོད་རྩིས། གཏོང་སྤྲོད་བཅས་དྲ་ཐོག་གི་འཁོར་རྒྱུག་དོ་དམ་མངོན་འགྱུར་བྱས། རིག་ནུས་འདེམ་བཤེར་དང་གནད་འཁེལ་ངོས་འཛིན་གྱི་ནུས་པ་བརྒྱུད་ནས། གཞན་འགུལ་ངང་སྒུག་དེ་རང་འགུལ་ངོས་ཟིན་དུ་ཚུར་སྒྱུར་བྱས། ཟི་ལིང་གྲོང་ཁྱེར་གྱིས་ཞིབ་དཔྱོད་དང་དམངས་སྲིད། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་གཞི་གྲངས་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་པ་དང་། མང་ཚོགས་ཀྱིས་རེ་ཞུ་དང་གཞི་གྲངས་ལས་ངོས་འཛིན་པའི་ཟུང་འཁོར་རྣམ་པ་བསྐྲུན་པས། ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་ལེགས་འགྲུབ་བྱུང་བའི་ཚད་ཕལ་ཆེར་བརྒྱ་ཆའི་བཞི་བཅུར་ཉེ་བར་མཐོ་རུ་བཏང་ཞིང་། གཞི་གྲངས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གནད་འཁེལ་དང་ནུས་མཐོ། བྱམས་བརྩེའི་རོགས་སྐྱོབ་བཅས་མངོན་འགྱུར་བྱུང་།

ལྷ་མོ་འཚོས་བསྒྱུར།