
ཟླ2པའི་ཚེས25ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར། མདོ་ལ་རྫོང་གིས་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་ནོར་སྲིད་མི་དངུལ་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་དམངས་འཚོའི་དོན་དངོས་བཟང་བོར་བསྒྲུབས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་།
ཉེ་བའི་ལོ་འགའི་རིང་། མདོ་ལ་རྫོང་གིས་ལས་ཞུགས་ཞབས་ཞུའི་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ་མཁར་གྲོང་དུ་མི་ལྔ་བརྒྱ་དང་རེ་བརྒྱད་གསར་དུ་ལས་ཞུགས་བྱས་པ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཚད་མི་ཐེངས་དྲུག་སྟོང་གཉིས་བརྒྱ་བཅུ་གཅིག་ལ་སླེབས་ཤིང་། མི་ཚོགས་གཙོ་བོའི་ལས་ཞུགས་བརྟན་འཇགས་ཡོང་བར་འགན་སྲུང་བྱས་ཏེ་ལས་ཞུགས་འབབ་འཕར་ལ་བརྟེན་ནས་དམངས་འཚོའི་གཞི་རྩ་ཇེ་བརྟན་དུ་བཏང་། དེ་དང་མཉམ་དུ། སློབ་གསོའི་ཐོན་ཁུངས་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་རིམ་པའི་དཔེ་སྟོན་སློབ་གྲྭ་བཞི་དང་དམར་དམག་སློབ་ཆུང་གཅིག་བཙུགས་པ་དང་། རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་ཁྱབ་གདལ་ཀུན་ཕན་རྫོང་གི་ངོས་ལེན་ཐོབ་ནས་སློབ་གསོ་འདྲ་མཉམ་དང་སྤུས་ཚད་མཉམ་དུ་མཐོར་འདེགས་བྱུང་། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་རིག་ཚན་མང་པོའི་ཆེད་མཁས་པ་བཅུ་གཅིག་ནང་འདྲེན་སོགས་བྱས་ནས་མང་ཚོགས་ཀྱིས་རང་ས་གནས་སུ་སྤུས་ལེགས་བརྟག་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།