
ལོ་སར་གྱི་གུང་གསེང་སྐབས་སུ། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་རིམ་བསྟར་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏན་ཏིག་གིས་ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། བརྟན་བརླིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྦྲེལ་མཐུད་དང་། བྱ་འགུལ་ཆེ་གྲས། ཚོང་ཁྲོམ་གཙོ་བོ། ཡུལ་སྐོར་ལྗོངས་ཁུལ་སོགས་གཙོ་གནད་ས་ཁུལ་ལ་སྒྲིལ་ལམ་ལྡན་པ་དང་། གཞུང་ལམ་གཙོ་བོ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་སྐྱེལ་འདྲེན་བདེ་འཇགས་ངང་ཤར་གཏོང་བྱས་པ་དང་། ས་གནས་སོ་སོའི་བྱ་འགུལ་བདེ་བླག་ངང་སྤེལ་ལ། གནམ་ལོ་གསར་བར་བདེ་སྐྱིད་དང་འཆམ་མཐུན་གྱི་ཉམས་སྣང་གིས་ཁེངས།
ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་བདེ་འཇགས་ཉེན་ཁར་ཞིབ་བཤེར་དང་། ཉེན་ཁ་འགོག་སྲུང་གི་བྱེད་ཐབས། ཁྱད་པར་དུ་ཤོག་སྦག་གི་བདེ་འཇགས་འགོག་སྲུང་བྱ་བར་དོན་འཁྱོལ་བྱས་ཏེ། ཉེན་རྟོག་པས་ཁྲོམ་རར་སྐོར་སྐྱོད་བྱས་ནས་དུས་ཐོག་ཏུ་བདེ་འཇགས་ཉེན་ཁ་ཤེས་རྟོག་དང་དག་སེལ་བྱས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་བྱ་འགུལ་ཆེན་པོ64ཡི་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ནས། གཙོ་སྒྲུབ་ཕྱོགས་ཀྱིས་འགན་གཙོ་བོ་དོན་འཁྱོལ་བྱས་པ་དང་། མང་ཚོགས་རང་བཞིན་གྱི་རོལ་རྩེད་བྱ་འགུལ་བདེ་འཇགས་དང་གོ་རིམ་ལྡན་པར་འགན་སྲུང་བྱས། རྒྱས་སྤྲས་ཚོང་ཁྲོམ་དང་ལྗོངས་ཁུལ་གཙོ་བོ། རླངས་འཁོར་དང་མེ་འཁོར་ས་ཚིགས། གནམ་གྲུ་ཐང་སོགས་མི་སྣ་མང་བའི་ས་ཁུལ་ལ་དམིགས་ཏེ། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་པ་མཉམ་སྦྲེལ་གྱིས་སྐོར་ཞིབ་བྱེད་པ་སོགས་ཀྱི་ལམས་ལུགས་ཏན་ཏིག་གིས་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ནས་ཉིན་རེར་ཆ་སྙོམས་ཀྱིས་ཉེན་རྟོག་པ་དགུ་སྟོང་སུམ་བརྒྱ་ལྷག་དང་། སྐོར་ཞིབ་ཚན་ཆུང380མངགས་ཏེ། ཁྱོན་ཡོངས་ནས་བྱ་འགུལ་ཆེ་གྲས་དང་ལྗོངས་ཁུལ་གཙོ་བོ། ཚོང་ཁྲོམ་ཐང་ཆེན་སོགས་མི་སྣ་མི་མང་བོ་འདུས་སའི་ཁོར་ཡུག་གི་སྐོར་ཞིབ་འགོག་སྲུང་ལ་ཤུགས་བསྣན་ནས། མང་ཚོགས་རང་བཞིན་གྱི་བྱ་འགུལ་བདེ་འཇགས་དང་གོ་རིམ་ལྡན་པར་འགན་སྲུང་བྱས། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ འཕེལ་ཕྱོགས་ལ་དམིགས་ཏེ། ཁྱོན་ཡོངས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་པ་དང་། ཏན་ཏིག་གི་མཐོ་གནོན་དང་དོ་དམ་ནན་མོའི་རྣམ་པ་མངོན་ཏེ། ཤུགས་ཆེན་པོས་མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་འགན་སྲུང་བྱས། ལོ་སར་གུང་གསེང་སྐབས་ཀྱི་དོན་རྐྱེན་བྱུང་མང་བར་དམིགས་ཏེ། གཅོ་རྒོལ་དང་འགོག་སྲུང་རྒྱུན་འཁྱོངས་བྱས་ནས། ནུས་ལྡན་ངང་སྤྱི་ཚོགས་བདེ་འཇགས་ཀྱི་ཚོད་འཛིན་ནུས་པ་མཐོར་འདེགས་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།