
ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལས། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྒྱུར་བར་འབད་དགོས་ཞེས་བསྟན་ཡོད། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝེ་ཏུང་གིས་ཞིང་ཕྱུགས་ནགས་ལས་དང་ཉ་ལས་བཅས་མཉམ་འཛིན་བྱེད་པ་དང་། ཐོན་སྐྱེད་ལས་སྣོན་ཕྱིར་འཚོང་སྦྲེལ་མཐུད་བྱེད་པ། ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ཕྱོགས་གསུམ་ལ་ཤུགས་བཏོན་ནས་དམིགས་འབེན་འདི་མངོན་འགྱུར་བྱེད་དགོས་པ་བསྟན།
ཀྲུའུ་ཝེ་ཏུང་གིས་བཤད་རྒྱུར། དུས་རབས་འཕེལ་རྒྱས་དང་བསྟུན་ནས། ཞིང་ལས་ཀྱི་བྱེད་ནུས་མང་པོ་སྔར་ལས་མངོན་གསལ་དུ་གྱུར་ཞིང་། ཐོན་ལས་ཀྱི་མཐའ་མཚམས་སྔར་ལས་རྒྱ་བསྐྱེད་བཞིན་ཡོད། ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ལེགས་ཞིང་ལས། ཚོང་རྟགས་ཞིང་ལས་བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་གྱུར་ནས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཀྱིས་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་མང་པོ་བསྟུད་མར་རྒྱ་བསྐྱེད་བཞིན་ཡོད་ཟེར།
ཁོས་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྒྱུར་བ་ནི་ཐོན་སྐྱེད་ཚོང་གཉེར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ཞིག་མིན་པར། ཞིང་ལས་ཀྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཐོན་ལས་མ་ལག་སྔར་ལས་ཆ་ཚང་དུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་ལས་མཐོ་རུ་གཏོང་བ་བཅས་ཡིན་པས། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ང་ཚོས་གཤམ་གསལ་གྱི་ཕྱོགས་གསུམ་གྱི་ཐད་ལ་ཤུགས་འདོན་དགོས་པ་སྟེ།
གཅིག་ནི་ཞིང་ཕྱུགས་ནགས་ལས་དང་ཉ་ལས་བཅས་མཉམ་འཛིན་བྱེད་དགོས། ཞིང་ལས་ཆེན་མོའི་ལྟ་བ་དང་ཟས་རིགས་ཆེན་མོའི་ལྟ་བ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པའི་སྔོན་འགྲོའི་འོག ནགས་ཚལ་དང་རྩྭ་ཐང་། གཙང་བོ་དང་མཚོ་མཚེའུ་བཅས་ལས་ཟས་རིགས་འཚོལ་བ་དང་། རྩི་ཤིང་སྲོག་ཆགས་དང་སྐྱེ་དངོས་ཕྲ་རབ་བཅས་ལས་ཚྭ་ནུས་དང་སྤྲི་དཀར་བསྡུ་ལེན་བྱས་ནས། སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ། ནུས་ཤུགས་ཡོད་རྒུས་སྒྲིག་གཞིའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། གསར་སྒྱུར་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ། ལག་རྩལ་སྒྲིག་ཆས་རིམ་སྤོར་བཅས་བྱས་ཏེ། ཐོན་ཚད་ཀྱི་སྣ་མང་རང་བཞིན་དང་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས།
གཉིས་ནི་ཐོན་སྐྱེད་ལས་སྣོན་ཕྱིར་འཚོང་བཅས་སྦྲེལ་མཐུད་བྱེད་དགོས། ཞིང་ལས་ཐད་ནས་ཐོན་སྐྱེད་ལ་དོ་སྣང་བྱེད་དགོས་པར་མ་ཟད། ཐོན་སྐྱེད་བྱས་རྗེས་ཀྱི་གསར་སྤེལ་ལ་དོ་སྣང་བྱེད་དགོས་པ་དང་། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་བརྒྱུད་རིམ་ཧྲིལ་བོར་ལེགས་པོར་བསྒྲུབ་དགོས་ལ། ཞིང་ལས་ཐོན་རྫས་ཀྱི་སྣ་མང་ཅན་གསར་སྤེལ་དང་། རིམ་པ་མང་པོའི་བེད་སྤྱོད། ལས་རིམ་མང་པོའི་རིན་འཕར་བཅས་ལ་སྐུལ་འདེད་བཏང་སྟེ། ཞིང་པ་རྣམས་ལ་ཐོན་ལས་རིན་འཕར་གྱི་ཁེ་ཕན་མཉམ་སྤྱོད་བྱེད་པ་དང་། ཞིང་ལས་ཀྱི་སྤུས་ཀ་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།
གསུམ་ནི་ཞིང་ལས་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་བྱེད་དགོས། མིག་སྔར། གྲོང་གསེབ་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་མང་པོ་འཕེལ་རྒྱས་འགྲོ་བཞིན་ཡོད་པས། གྲོང་གསེབ་སྔར་ལས་མང་པོ་བདེ་སྡོད་ལས་བརྩོན་བྱེད་སར་གྱུར་བར་མ་ཟད། ཡུལ་སྐོར་དང་ངལ་གསོ་བྱ་ཡུལ་དུ་གྱུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་དང་བསྟུན་ནས། གྲོང་གསེབ་ཡུལ་སྐོར་གྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཆུང་ལ་མཛེས་པའི་རིག་གནས་ཡུལ་སྐོར་ལས་རྣམ་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
ལྷ་མོ་འཚོས་བསྒྱུར།