སྡེ་ཁག་གཉིས་ཀྱིས་སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་བྱ་བ་བསྒྲུབས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ནོར་སྲིད་པུའུ་དང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཉེ་ཆར་མཉམ་འབྲེལ་གྱིས་བརྡ་ཁྱབ་སྤེལ་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཏེ་སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས།

བརྡ་ཁྱབ་ལྟར་ན། 2026ལོ་ནས2028ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་ཆ་རྐྱེན་ལེགས་ཤིང་བརྩོན་སེམས་རང་བཞིན་ལྡན་པ། ཁྱད་ཆོས་འབུར་དུ་ཐོན་པའི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཁ་ཤས་ལ་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་བྱ་བ་བསྒྲུབ་པ་དང་། ཕུལ་དུ་བྱུང་བའི་རྒྱལ་ཁབ་རིམ་པའི་རིག་གནས་ཀྱི་མིང་བྱང་སྐོར་ཞིག་བསྐྲུན་རྒྱུ་རེད།

བརྡ་ཁྱབ་ལས། ཀྲུང་དབྱང་ནོར་སྲིད་ཀྱིས་བདམས་ཐོན་བྱུང་བའི་རྫོང་དག་ལ་ངེས་གཏད་ཀྱི་ཁ་གསབ་སྟེར་བ་དང་། རྫོང་རེ་རེའི་ཁ་གསབ་ཚད་གཞི་ནི་སྒོར་བྱེ་བ་ལྔ་ཡིན་ལ། མ་དངུལ་དེ་ལོ་གཉིས་ལ་བགོས་ནས་སྟེར་རྒྱུ་རེད། ཀྲུང་དབྱང་ནོར་སྲིད་མ་དངུལ་དེ་སྤྱི་བའི་སྲོལ་རྒྱུན་བཟོ་བཀོད་ཞིག་གསོ་དང་སྲུང་སྐྱོབ་བྱེད་པ། སྲོལ་རྒྱུན་བཟོ་བཀོད་བསྐྲུན་པའི་ལག་རྩལ་རྒྱུན་འཛིན་བྱེད་པ། སྲོལ་རྒྱུན་བཟོ་བཀོད་ཀྱི་བཟོ་སྐྲུན་པ་སྐྱེད་སྲིང་བྱེད་པ། ས་གནས་ཀྱི་ཁྱད་ལྡན་རིག་གནས་དང་ཡུལ་སྲོལ་དམངས་སྲོལ། ཁྱིམ་རྒྱུད་བསླབ་བྱ། དམངས་ཁྲོད་སྒྱུ་རྩལ་སོགས་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་རྒྱུན་འཛིན་བྱེད་པ།  གཞི་གྲངས་ཅན་གྱི་སྲུང་སྐྱོབ་བྱེད་ཐབས་སྤྱོད་པ། ཡུལ་སྲོལ་ལེགས་བཅོས་བྱེད་པ། སྲོལ་རྒྱུན་སྡེ་བའི་སྤྱི་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པ། སྲོལ་རྒྱུན་སྡེ་བའི་ཁྱད་ཆོས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་འབྲེལ་བ་དམ་ཟབ་ཡོད་པའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་བེད་སྤྱོད་བྱེད་ཆོག་པར་བསྟན།

ལྷ་མོ་འཚོས་བསྒྱུར།