
ཟླ2པའི་ཚེས12ཉིན། གསར་འགོད་པས་ཀྲུང་གོའི་མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཁུལ་ཁོངས་ཀྱི་དངུལ་རྩའི་ལས་ཁུངས་བཞི་ལ་མཛུབ་སྟོན་བྱས་པ་བརྒྱུད་དེ་ཁུལ་ཡོངས་སུ་མི་སྒེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རྩྭ་ཐང་སྲུང་སྐྱོབ་སླར་གསོ་མཉམ་འབྲེལ་རྣམ་པའི་དངུལ་བུན་སྐོར་ཐེངས་དང་པོ་དངོས་འབེབས་ལེགས་འགྲུབ་བྱུང་ ། མིག་སྔའི་བར། དངུལ་རྩའི་ལས་ཁུངས་ཀྱིས་རོང་འབྲོག་མང་ཚོགས་སྟོང་གཅིག་དང་བརྒྱ་ལྷག་ལ་ཁྱོན་བསྡོམས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་ནས། སྲིད་ཇུས་ཀྱི་ཁ་གསབ་དང་དངུལ་བུན་གྱི་རྒྱབ་སྐྱོར་གྱིས་རྩྭ་ཐང་སྲུང་སྐྱོབ་སླར་གསོའི་ཐབས་ལམ་གསར་བ་གེགས་མེད་ཡོང་བར་སྟོབས་ནུས་བསྩལ་བ་དང་། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ཐད་མུ་མཐུད་དུ་ཁྲོམ་ར་ཅན་གྱི་སྒུལ་ནུས་བསྣན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཁུལ་དུ་ཆགས་ཡོད་པས། རྩྭ་ས་སྤྱི་ཆིང་བརྒྱ་དང་བཞི་བཅུ་ལྷག་ཡོད་ལ། དེའི་ཁྲོད་རྩྭ་ཕྱུགས་དོ་སྙོམས་ཀྱི་རྩྭ་ས་སྤྱི་ཆིང་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བདུན་དང་དགུ་བརྒྱ་ཡོད། རྒྱ་ཆེ་བའི་རྩྭ་ཐང་ནི་འབྲོག་པ་འཚོ་གནས་ཀྱི་ཁྱིམ་གཞིས་ཡིན་པར་མ་ཟད། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་གི་བྱེད་ནུས་ཁུལ་གཙོ་བོའང་ཡིན། ཀྲུང་གོའི་མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་ཁུལ་ཁོངས་ཀྱི་རྩྭ་ཐང་སྐྱེ་ཁམས་དང་འབྲོག་པའི་སྐྱེ་ཁམས་མཉམ་འབྲེལ་གྱི་ལྟེ་བའི་གནས་ཡུལ་ལ་རྐང་བཙུགས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྦྲེལ་ཐག་ཏུ་བྱས་པའི་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་བ་བཏོན་པ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་དང་དངུལ་རྩའི་རྒྱབ་སྐྱོར། སྐྱེ་ཁམས་ཚོད་འཛིན་བཅས་ཀྱི་མཉམ་འགུལ་རྐྱེན་སྲོལ་བཙུགས་པ་བརྒྱུད་ནས། འབྲོག་པའི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཁེ་ཕན་དེ་ཡིད་རྟོན་དངུལ་བུན་གྱི་རྨང་གཞིར་བསྒྱུར་བ་དང་། རོང་འབྲོག་མང་ཚོགས་ཀྱི་དངུལ་བུན་ཐོབ་པའི་ནུས་པ་སྔར་ལས་ཇེ་མཐོར་བཏང་། དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བོན་བསྐྱི་མཁན་ཁྱིམ་ཚང་གི་རྩྭ་སའི་རྒྱ་ཁྱོན་དང་། གསབ་འདེབས་ཕན་འབྲས། ར་གསོ་འཆར་འགོད་སོགས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ཡིད་རྟོན་དངུལ་བུན་བསྐྱི་ཚད་གཏན་འབེབས་བྱས་ལ། ཁྱིམ་ཚང་རེ་རེས་ཆེས་མཐོ་ན་སྒོར་འབུམ་ལྔ་བསྐྱི་ཆོག
ཐེངས་འདིའི་དངུལ་བུན་དངོས་འབེབས་ལེགས་འགྲུབ་བྱུང་བས། གཞི་ཁྱོན་ཆུང་བའི་རོང་འབྲོག་ཁྱིམ་ཚང་གིས་རྩྭ་སོན་ཉོ་བ་དང་ར་བསྐོར་བ་སོགས་ཀྱི་དངོས་ཟོག་གི་མ་དངུལ་དགོས་མཁོ་བསྐངས་བར་མ་ཟད། གསོ་སྤེལ་མཉམ་ལས་ཁང་གི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ནུས་ལྡན་གྱིས་རྒྱབ་སྐྱོར་བྱས་ཏེ། ས་ཆུ་ཟུངས་ཤོར་གཙོ་གནད་བཅོས་སྐྱོང་ཁུལ་གྱི་སྐྱེ་ཁམས་སླར་གསོའི་མ་དངུལ་དཀོན་པ་དང་གསོ་སྤེལ་རིགས་སྒྱུར་གྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ཁག་སོགས་ནུས་ལྡན་སྒོས་ཐག་གཅོད་བྱས། དངུལ་རྩའི་བྱེད་ཐབས་བརྒྱུད་དེ་རོང་འབྲོག་མང་ཚོགས་རང་འགུལ་ངང་རྩྭ་ས་སླར་གསོ་དང་ཚན་རིག་གི་གསོ་སྤེལ་ལས་རིམ་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྒྱུན་མཐུད་ཐུབ་པའི་རང་བཞིན་ལ་ཁག་ཐེག་བྱས་པར་མ་ཟད། རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་མང་ཚོགས་ཕྱུག་འགྱུར་གྱི་ཕྱོགས་གཉིས་ཀར་ཕན་ཐོགས་པ་མངོན་འགྱུར་བྱུང་།
ལྷ་མོ་འཚོས་བསྒྱུར།