
ཉེ་ལམ། རྒྱལ་ཁབ་གློག་གཏོང་སྡེ་ཚོགས་རྨ་ཆུ་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་གནས་ཚུལ་སྤེལ་བ་སྟེ། རྨ་ཆུ་ཀུང་སིས་འཛུགས་སྐྲུན་བྱས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐས་རིམ་ཆུ་གློག་ས་ཚིགས་ཀྱི་མི་ཐབས་རིག་ནུས་དང་ཉ་རིགས་སྐྱེ་འཕེལ་སྲུང་སྐྱོབ་ཀྱི་འགྲེམ་ཁང་ཐོག་པ་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ནས་དངོས་སུ་སྒོ་ཕྱེས།
འགྲེམ་ཁང་གིས་ཆུ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་ལྗང་མདོག་གི་མ་འོངས་པ་མཉམ་བསྐྲུན་བྱེད་པ་བརྗོད་དོན་དུ་བཟུང་སྟེ། བྱེ་རིས་དཔེ་དབྱིབས་དང་དཔེ་མཚོན་བསྟར་བསྒྲིགས། བརྙན་རིས་བརྒྱུད་གཏོང་ཁང་དང་ཉམས་ལེན་ཁང་སོགས་མཉམ་འགུལ་སྣ་བཞིའི་གསར་གཏོད་རྣམ་པ་བརྒྱུད་ནས། བཞུར་རྒྱུད་ཀྱི་ཆུའི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས། ཉ་རིགས་ཐོན་ཁུངས་གཞི་གྲངས་བཅས་མཉམ་འདྲེས་བྱས་ཡོད་ལ། ཉ་རིགས་སྐྱེ་འཕེལ་གྱི་འཁོར་སྐྱོད་མ་ལག་གི་རྣམ་པ་ཡོངས་སུ་འགྲེམ་སྟོན་བྱས་ཡོད་པ་མ་ཟད། རིག་ནུས་ཅན་གྱི་ལག་རྩལ་སྐྱེ་ཁམས་འཕེལ་འགྱུར་ཁྲོད་བེད་སྤྱོད་གཏོང་བའི་རྣམ་པ་འབུར་ཐོན་དུ་མངོན་པར་བྱས་པས། ཚན་རིག་ཁྱབ་གདལ་གྱི་སློབ་གསོ་དང་གྲུབ་འབྲས་འགྲེམ་སྟོན། ལག་རྩལ་བརྗེ་རེས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྐྱེ་ཁམས་སྒེའུ་ཁུང་ལྟ་བུར་གྱུར་ཡོད།
རྒྱུས་ལོན་པ་ལྟར་ན། སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཉ་རིགས་སྐྱེ་འཕེལ་ས་ཚིགས་ཀྱིས་ནུས་གྲོན་ཅན་དང་རིག་ནུས་ཅན། སྐྱེ་ཁམས་ཅན་གྱི་རྩ་དོན་གཞིར་བཟུང་སྟེ། སྐྱེ་འཕེལ་ལ་སྐུལ་བ་དང་ཕྲུ་གུ་གསོ་སྐྱོང་། ལོག་བཀར། རེས་འཁོར་ཆུ་གསོའི་སྐྱེ་འཕེལ་སོགས་གཞི་གཅིག་ཅན་གྱི་བྱེད་ནུས་མ་ལག་བཀོད་སྒྲིག་དང་། ཕྱོགས་བསྡུས་འཁོར་ཁང་གི་དཔེ་གཞི་ཆེ་གྲས་གསར་གཏོད་བསྡུ་ལེན་བྱས་ནས། བྱེད་ནུས་དབྱེ་བགར་མཐུན་སྦྱོར་དང་། གོ་རིམ་ཁ་ཟུམ་དོ་དམ་མངོན་འགྱུར་བྱུང་། དུས་མཉམ་དུ། ཁ་ཟུམ་རེས་འཁོར་གྱི་ཆུ་གསོའི་སྐྱེ་འཕེལ་མ་ལག་དང་། རིག་ནུས་དྲོད་སྐྱེད་དང་རང་འགུལ་ཅན་གྱི་ལྟ་ཞིབ་སྒྲིག་ཆས་སྤྱད་དེ། ཉ་རིགས་ཀྱི་ཡིག་ཚགས་བཟོས་ཤིང་། དུས་ལྟར་གསར་ཐོན་ཉ་རིགས་ཁ་གསབ་བྱས་ཡོད། ས་གནས་ཀྱི་མིང་དུ་གྲགས་པའི་ཉ་རིགས་གསུམ་གྱི་སྐྱེ་འཕེལ་ནུས་ཕྱོད་དང་ཆུར་གཏོང་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ནས། བསྡོམས་པས་རིགས་སོ་སོའི་ཉ་རིགས་འབུམ་གཉིས་ཙམ་སྐྱེ་འཕེལ་འཚར་ལོངས་བྱུང་ཞིང་འབུམ་གཉིས་པོ་བདེ་ལེགས་ངང་ཆུ་ཁོངས་སུ་བཏང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་ཉ་རིགས་ཐོན་ཁུངས་སྲུང་སྐྱོབ་དང་སླར་གསོའི་ཐད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།