མཚོ་ནུབ་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དགུ་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཁས་ལེན་ཐོབ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ2པའི་ཚེས19ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུས་ནས་རྒྱུས་ལོན་པ་ལྟར་ན། 2025ལོར། མཚོ་ནུབ་ཁུལ་གྱིས་ཁུལ་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་བསྐྲུན་པར་བསྟུད་མར་སྐུལ་འདེད་བཏང་སྟེ། ཚ་འདམ་འཕང་འབྲས་དང་ཚ་འདམ་ལུག ཚ་འདམ་རྔ་མོང་། ཐེམ་ཆེན་ནོར་གནག ཐེམ་ཆེན་བོད་ལུག ཝུའུ་ལན་གྱི་ཚྭ་ཁའི་ལུག ན་གོར་མོའི་སོག་ལུག གདང་ལའི་བོད་ལུག གདང་ལའི་ནོར་གནག་བཅས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དགུ་ལ་རྒྱབ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཁས་ལེན་ཐོབ།

མཚོ་ནུབ་ཁུལ་གྱིས་ཐོན་རྫས་གཅིག་ལ་ཇུས་གཞི་གཅིག་གི་རེ་ཞུའི་ཐབས་ལམ་རྒྱུན་འཁྱོངས་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྤུས་འདེགས་ནུས་འཕར་དང་ཕྱི་ཕྱོགས་སུ་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཁས་ལེན་ཐོབ་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་ཀྱི་ཤུགས་རྐྱེན་དང་ཁྲོམ་རའི་གོང་བདེ་ནུས་པ་ནུས་ལྡན་གྱི་མཐོར་འདེགས་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཁེ་ལས་ཀྱི་ཕན་འབྲས་འཕར་བར་སྐུལ་ཁྲིད་བྱས། མཚོ་ནུབ་ཁུལ་གྱིས་ཐོན་ལས་མཉམ་འདྲེས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། ལྗང་མདོག་ར་སྤྲོད་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀར་ཁྲོམ་ར་རྩེ་གྲས་ཀྱི་དབང་ཟིལ་ཁས་ལེན་ཐོབ། ཐེམ་ཆེན་རྫོང་མཁར་དམར་ཞང་གི་བོད་ལུག་ཞིང་ལས་སྟོབས་ལྡན་གྲོང་རྡལ་གྱི་ལས་གཞི་དེ2025ལོའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལས་གཞིའི་རྣམ་གྲངས་སུ་བཀོད་པའི་མིང་ཐོའི་ཁྲོད་བདམས་པ་དང་། 2025ལོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔང་ཡིག་ཡོད་པའི་ཁེ་ལས་ཉེར་བཞི་དང་ཐོན་རྫས་བརྒྱ་དང་ལྔ་གསར་དུ་བྱུང་ལ། ཞང་ཀང་གིSTCདཔང་ཡིག་ཐོབ་པའི་ཐོན་རྫས་དྲུག་གསར་དུ་བསྣན་པ་རེད།

མཚོ་ནུབ་ཁུལ་གྱིས་གཙོ་བོ་འཕང་འབྲས་དང་རྒྱ་གྲོ། སིལ་གཏོང་དང་སྔོ་ཚལ། འཁྱགས་ཆུའི་ཉ། ཚ་འདམ་རྔ་མོང་སོགས་ཀྱི་ཐོན་ལས་སྒྲིག་བཀོད་དམིགས་ནས། ཁུལ་རིམ་པའི་ཐོན་ལས་ཀྱི་འཕང་འབྲས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་དང་རྒྱ་གྲོ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་བཞི་དང་ཁྲི་དྲུག་གི་རོགས་སྐྱོར་མ་དངུལ་བཀོད་སྒྲིག་བྱས། ན་ནིང་། ཚ་འདམ་འཕང་འབྲས་གསར་བ་ཕྱིར་འཚོང་ཚད་ཏུན་སྟོང་གཅིག་དང་བརྒྱ་ལས་བརྒལ་བ་དང་འཕང་འབྲས་སྐམ་པོ་ཐོན་ཚད་ཏུན་འབུམ་གཅིག་ལས་བརྒལ་ཞིང་། རྒྱ་གྲོ་འདེབས་འཛུགས་རྒྱ་ཁྱོན་དང་སྤྱིའི་ཐོན་ཚད་སོ་སོར་བརྒྱ་ཆའི་བརྒྱ་དང་སོ་དྲུག་དང་གྲངས་ཆུང་དགུ་དང་བརྒྱ་ཆའི་བརྒྱ་དང་ཞེ་དགུ་དང་གྲངས་ཆུང་བདུན་འཕར་ཡོད།

2026ལོར། མཚོ་ནུབ་ཁུལ་གྱིས་ཚ་འདམ་གྱི་ལྗང་མདོག་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་བསྟུད་མར་ལག་བསྟར་བྱེད་པ་དང་། བོད་ལུག་དང་ནོར་གནག རྒྱ་གྲོ། ནས། ཚ་འདམ་རྔ་མོང་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། གཟན་རྩྭ་འདེབས་པ་དང་ཐོན་ཚད་མང་ལ་སྤུས་ཀ་ལེགས་པའི་སྔོ་གསེར་ཆེན་དཔེ་སྟོན་ལས་གཞི་ལག་བསྟར་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་མཁོ་འདོན་དང་ལས་སྣོན། ཚོང་རྟགས་རིན་ཐང་བཅས་ཕྲེང་སྦྲེལ་གསུམ་མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་གྱི་དཔང་ཡིག་ཡོད་པའི་ཁེ་ལས་བདུན་དང་ཐོན་རྫས་ཉི་ཤུ་ཡན་གསར་དུ་ཁ་སྣོན་བྱེད་པ། མིང་གྲགས་ཆེ་ལ་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་གསར་བ་གསུམ་ཡན་བསྐྲུན་པ་དང་། མཛོད་ཁང་གི་གསོག་ཉར་དང་འཁྱགས་སྦྲེལ་དངོས་རྒྱུག་སོགས་ཀྱི་སྡེབ་སྒྲིག་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་རྒྱུ་རེད། 

ལྷ་མོ་འཚོས་བསྒྱུར།