
ཟླ2ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་མཚོ་ནུབ་ཁུལ་གྱིས་རི་ཆུ་ནགས་གསུམ་དང་ཞིང་ས། མཚོ་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། མིག་སྔར་རང་བྱུང་སྲུང་སྐྱོབ་ས་ཁུལ23ལ་མ་ལག་བཅོས་སྒྲིག་བྱས་ཏེ། ས་མུའུ་སྤྱི་ཆིང་ཁྲི་བཞི་དང་སྟོང་བརྒྱད་དགུ་བརྒྱ་ཡི་རྒྱ་ཁྱོན་ལ་ནགས་བསྐྲུན་བྱས་ནས། “བྱང་གསུམ”བཟོ་སྐྲུན་ཁྲོད་ཀྱི་ལས་གཞི35ལས15བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད།
སྐྱེ་ཁམས་སྲུང་སྐྱོབ་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུའི་ཐད་ནས་བཤད་ན། 2025ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འདེམས་ཁུལ་གྱི་མཚོ་ནུབ་ས་ཁོངས་སུ། གཉེར་སྐྱོང་སྲུང་སྐྱོབ་ཀྱི་རྣམ་པ་རྒྱུན་ལྡན་ཡིན་ལ་ཡུན་ཕན་གྱི་རྣམ་པ་བཟང་བོ་མངོན་ཡོད་ཅིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཐེམ་ཆེན་དོ་དམ་ཡན་ལག་ཅུས་ཀྱིས་སྒོ་བྱང་དངོས་སུ་བཀལ་ནས་འཁོར་སྐྱོད་བྱེད་ཀྱིན་ཡོད། ཁུ་ལུའུ་ཁེ་མཚེའུའི་ཐོ་སུའུ་མཚེའུ་དང་ན་གོར་མོའི་ཧུའུ་དབྱང་ནགས་ཚལ་ལ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི“མཚོ་སྔོན་གྱི་ཆེས་མཛེས་སྡུག་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ”ལ་བདམས་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ཆུང་བརླན་ས་རྒྱལ་ཁབ་ཀྱི་བརླན་ས་གཙོ་བོའི་མིང་ཐོའི་ནང་གྲུབ་འབྲས་ཐོབ་པའི་ངང་བདམས།
ཁོར་ཡུག་བཅོས་སྐྱོང་ཐད་ནས་བཤད་ན། མཚོ་ནུབ་ཁུལ་གྱིས་ཉམས་ཞན་རྩྭ་ཐང་སྤྱི་ཆིང་ཁྲི6.87དང་བྱེ་འགྱུར་ས་ཞིང་སྤྱི་ཆིང་ཁྲི15.65བཅོས་སྐྱོང་བྱས་པ་དང་། རྒྱལ་དབང་ནགས་ཚལ་དང་རྒྱལ་དབང་མ་ཡིན་པའི་ནགས་ཚལ་སྲུང་སྐྱོབ་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས། སྦགས་བཙོག་འགོག་བཅོས་ཐད་ནས་བཤད་ན། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95.4%ལ་སླེབས་ཡོད། ཁུལ་ནང་ཁུལ་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོབ་ཁུལ་གྱི་དབྱེ་འབྱེད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་ནང་དུ་འཕོ་བའི་བཙོག་ཆུའི་གནད་དོན་རྩ་བ་ནས་ལེགས་བཅོས་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།