
ཨུ་རུ་སུའི་སྨྱན་བྱད་ཀྱིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཡོ་རོབ་མནའ་འབྲེལ་གྱིས་ཝུའུ་ཁོ་ལན་གྱི་གནད་དོན་ཐག་གཅོད་པའི་ཇུས་གཞིའི་ཐད་ཨུ་རུ་སུའི་ཁེ་ཕན་ལ་འདང་མ་བརྒྱབ་ཚེ་བྱེད་ཐབས་གཞན་གང་ཡང་སྤྱད་མི་ཆོག་ཅེས་ཟེར།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏེ་ལའེ་ཨིན་གྱིས་ཝུའུ་ཁོ་ལན་གྱི་གནད་དོན་གྲོས་མོལ་བྱེད་པའི་སྔོན་འགྲོ་ནི་ངེས་པར་དུ་དམག་འཁྲུག་མཚམས་འཇོག་རྒྱུ་དེ་ཡིན་པའི་སྐོར་གླེང་བར་དམིགས་ནས། ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུའི་ཁེ་ཕན་ལ་འདང་མི་རྒྱག་པའི་ཐག་གཅོད་ཇུས་གཞི་གང་རུང་ལ་ཁས་ལེན་མི་སྲིད་ཟེར། ཡོ་རོབ་མནའ་འབྲེལ་ཆེས་མཐའ་མཇུག་ཝུའུ་ཁོ་ལན་གནད་དོན་གྱི་གྲོས་མོལ་ལ་ཞུགས་འདོད་ཀྱང་། ཁོ་ཚོའི་གཏམ་བརྗོད་ལས་གྲོས་མོལ་གྱི་བརྒྱུད་རིམ་ཁྲོད་ཁོ་ཚོས་རང་ཉིད་ཀྱི་ལངས་ཕྱོགས་ཅི་ཞིག་ཡིན་པ་གསལ་བོར་ཤེས་ཀྱིན་མེད་པ་རྟོགས་ཐུབ་ཅེས་ཟེར།
ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སུ་ཡིས་ཝུའུ་ཁོ་ལན་གྱི་གནད་དོན་གྲོས་མོལ་བྱེད་པའི་ཐད་དམིགས་བསལ་གྱི་དམག་དོན་འགུལ་སྐྱོད་དམིགས་འབེན་མངོན་འགྱུར་ཡོང་བའི་རྒྱུན་སྐྱོང་རྒྱུ་སྔོན་འགྲོ་ཡིན་པ་དེ་སྔར་བཞིན་འགྱུར་མ་མྱོང་ཟེར།
ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས13ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་གླིང་དེ་ཝུའུ་ཁོ་ལན་གྱི་གནད་དོན་གྲོས་མོལ་བྱེད་པའི་ཁྲོད་ཞུགས་རྒྱུར་མོས་མཐུན་བྱུང་མེད་ཟེར།
ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ཡིས་བསྟན་དོན། ཝུའུ་ཁོ་ལན་གྱི་གནད་དོན་ཐད། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣ་དང་ཡོ་རོབ་གླིང་ཝུའུ་ཁོ་ལན་གྱི་ཞི་བདེའི་གྲོས་མོལ་ཁྲོད་ཞུགས་པའི་འཐུས་མིའི་བཀོད་སྒྲིག་གཅིག་གྱུར་ཡིན་ལ། ཡོ་རོབ་གླིང་གི་གྲོས་མོལ་ཚོགས་པ་དེ་ཡོ་རོབ་མནའ་འབྲེལ་ལས་ཁུངས་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐ་ལི། ཕོ་ལན་བཅས་རྒྱལ་ཁབ་ལྔའི་འཐུས་ཚབ་པ་ཡིས་གྲུབ་ཡོད་ཅེས་ཟེར།
ལྷ་མོ་འཚོས་བསྒྱུར།