ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཕྱོགས་གཅིག་གིས་བཀག་འཇུག་མི་སྣ་དྲུག་བརྒྱ་གློད་གྲོལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

སཱ་ནཱ་ཡི་གནས་ཚུལ་ལྟར་ན། ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཚེས15ཉིན། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ།  རྩ་འཛུགས་དེ་ཡིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་ཕྱོགས་གཅིག་གིས་ཡེ་མིན་གྱི་འགལ་བ་དང་འབྲེལ་བ་ཡོད་པའི་བཀག་འཇུག་མི་སྣ་དྲུག་བརྒྱ་གློད་གྲོལ་བཏང་ཡོད་ཟེར།

ཧུའུ་སེ་དྲག་ཆས་ཀྱི་བཟུང་དམག་ལས་དོན་གྱི་འགན་ཁུར་དཔོན་དམག་ཨ་པུའུ་ཏུའུ་ལའེ-ཁ་ཏི་ཨར·མུའུ་ཨར་ཐཱ་ཏཱ་ཡིས་བསྟན་དོན། འདི་ནི་ཡེ་མིན་དུ་འགལ་བ་བྱུང་བའི་ཚུན་ལ་ཧུའུ་སེ་དྲག་ཆས་ཀྱིས་ཕྱོགས་གཅིག་གིས་བཀག་འཇུག་མི་སྣ་གློད་གྲོལ་བཏང་བའི་གཞི་ཁྱོན་ཆེས་ཆེ་བའི་འགུལ་སྐྱོད་ཅིག་ཡིན་ལ། རྩ་འཛུགས་དེས་སྔོན་ཆད་བྱེད་ཐབས་འདི་འདྲར་བརྟེན་ནས་བཀག་འཇུག་མི་སྣ་སྟོང་གཉིས་དང་དྲུག་བརྒྱ་བཅུ་གཉིས་གློད་གྲོལ་བཏང་ཡོད་ཅེས་ཟེར།

རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཚོགས་ཀྱིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ནས་ཐེངས་འདིའི་གློད་གྲོལ་འགུལ་སྐྱོད་ལ་བདེན་དཔང་བྱས་པ་དང་། དེའི་ལས་བྱེད་མི་སྣ་དང་གློད་གྲོལ་མི་སྣ་རེ་རེས་སྒེར་ནས་ཁ་བརྡ་བྱེད་པར་མ་ཟད་ཁོ་ཚོ་བདེ་འཇགས་ངང་རང་ཁྱིམ་དུ་ལོག་པར་རོགས་འདེགས་བྱས་ཡོད་ཟེར།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་བླངས་པའི་ཡེ་མིན་སྲིད་གཞུང་གིས་དེའི་ཐད་ད་རུང་དཔྱད་བརྗོད་སྤེལ་མེད།

ཉེ་ལམ། ཧུའུ་སེ་དྲག་ཆས་དང་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་སྲིད་གཞུང་དམག་གི་འཐབ་ཕྱོགས་མང་པོའི་འཐབ་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། དེ་ལས་གཞན། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཡེ་མིན་ཧུའུ་སེ་དྲག་ཆས་ཀྱི་ཚོད་འཛིན་ཁུལ་ལ་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། ཧུའུ་སེ་དྲག་ཆས་ཀྱིས་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་དེ་སོ་ཏི་ཨ་རབ་ཁུལ་ཁོངས་ཀྱི་རྡོ་སྣུམ་སྒྲིག་ཆས་དང་དམག་དོན་དམིགས་འབེན་ལ་དཔུང་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།



​