
ཐཱ་ལིན་གྱི་གནས་ཚུལ་ལྟར་ན། ཨེ་སོ་ནི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཁྲ་ཧི་ཁི་ནཱ་ཡིས་ཚེས15ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་དུ་ཨེ་སོ་ནི་ཡ་ཡིས་ཟླ12པའི་ཚེས1ཉིན་ནས་བཟུང་ཨུ་རུ་སུའི་བར་གྱི་མཐའ་མཚམས་ཀྱི་འགག་སྒོ་ཚང་མའི་སྒོ་རྒྱག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཟེར།
ཁྲ་ཧི་ཁི་ནཱ་ཡིས་བཤད་རྒྱུར། ཨུ་རུ་སུའི་དམག་དོན་གསང་འཕྲིན་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཨེ་སོ་ནི་ཡའི་རྒྱལ་སྲུང་བཟོ་ལས་ཁེ་ལས་ཤིག་ལ་གཏོར་བརླག་བཟོས་པའི་བདེན་དཔང་གསལ་བོ་ཡོད་ཟེར། ཁོས་ད་རུང་འགག་སྒོ་རྒྱག་པའི་ཐག་གཅོད་དེ་ཧྥིན་ལན་དང་། ལ་ཐེ་ཝེ་ཡ། ལི་ཐུ་ཝན་ནི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་དཔོན་ལ་བཤད་ཡོད་ཟེར།
ཨེ་སོ་ནི་ཡའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་སོ་ནི་ཡའི་རྒྱལ་སྲུང་བཟོ་ལས་ཀྱི་ཁེ་ལས་ཤིག་ལ་ཚེས14ཉིན་གྱི་ཐོ་རེངས་སུ་མེ་གཏོང་རྩིས་བྱས་ཀྱང་ལེགས་འགྲུབ་མ་བྱུང་ཟེར། ཨེ་སོ་ནི་ཡའི་རྒྱལ་ཁོངས་བདེ་འཇགས་ཅུས་ཀྱིས་བསྒྲགས་རྒྱུར། ཨུ་རུ་སུའི་དམག་དོན་གསང་འཕྲིན་ལས་ཁུངས་ཀྱིས་བཀའ་ཕབ་པས་དོན་རྐྱེན་འདི་ལག་ཏུ་བསྟར་བར་འབྲེལ་བ་ཡོད་ལ། ལ་ཐེ་ཝེ་ཡ་རུ་སྡོད་པའི་མི་སྣ་བརྒྱད་གྱོད་དོན་འདི་དང་འབྲེལ་བ་ཡོད་པས་བཀག་སྐྱིལ་བྱས་ཡོད་ཟེར།
མིག་སྔར། ཨེ་སོ་ནི་ཡ་དང་ཨུ་རུ་སུའི་མཐའ་མཚམས་ཀྱི་ནཱ་ཨར་ཝ་དང་། ལུའུ་ཧྭ་མཱ། ཁི་དབྱི་ཏུའུ་ལཱ་བཅས་འགག་སྒོ་གསུམ་གྱི་ཉིན་རེའི་སྒོ་འབྱེད་དུས་ཚོད་ཞོགས་པའི་ཆུ་ཚོད་བདུན་ནས་དགོང་མོའི་ཆུ་ཚོད་བདུན་བར་ཡིན་ལ། དེའི་ཁྲོད། ནཱ་ཨར་ཝ་གྲུ་ཁར་རྐང་ཐང་དུ་བགྲོད་མཁན་མ་གཏོགས་སོང་མི་ཆོག
ལྷ་མོ་འཚོས་བསྒྱུར།