
ཝུའུ་ཁོ་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས14ཉིན། ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་གསར་འགོད་པར་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་ཝུའུ་ཁོ་ལན་གྱིས་ཏུན་པ་སི་ས་ཁུལ་བློས་བཏང་ནས་བྱང་ཆིངས་ཀྱི་ཁོངས་མིའི་ཁྲོད་ཞུགས་འདོད་ཡོད་མེད་ཀྱི་འདོད་བློ་དྲིས་མྱོང་ཟེར།
ཙེ་ལན་སི་ཅི་ཡིས་ཝུའུ་ཁོ་ལན་གྱིས་ཕྱིར་སྣུར་རྒྱག་མི་སྲིད་ལ། བདག་བཟུང་བྱས་པའི་མངའ་ཁོངས་ས་ཆ་ཡང་བློས་གཏོང་འདོད་རྩ་བ་ནས་མེད་ཅེས་ཡང་བསྐྱར་བསྒྲགས། གལ་སྲིད་ཟླ་གྲོགས་རྒྱལ་ཁབ་ཀྱིས་བྱང་ཆིངས་དང་ཡོ་རོབ་མནའ་འབྲེལ་གྱིས་ཝུའུ་ཁོ་ལན་གྱི་བདེ་འཇགས་འགན་ལེན་གྱི་ཞིབ་ཕྲའི་ཇུས་གཞི་བཏོན་པ་ཡིན་ན། ཁོས་དེའི་ཐད་ཝུའུ་ཁོ་ལན་གྱི་སྤྱི་དམངས་ལ་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་ཟེར། ཙེ་ལན་སི་ཅི་ཡིས་ཝུའུ་ཁོ་ལན་བྱང་ཆིངས་ནང་ཞུགས་པའི་སྐོར་གྱི་བརྗོད་གཞི་དེ“ཡང་བསྐྱར་གྲོས་རིམ་གྱི་ནང་ཐོན་ཡོད”པར་ངོས་འཛིན་བྱེད་ཀྱི་ཡོད་ཟེར།
ཙེ་ལན་སི་ཅི་ཡིས་ད་དུང་ཨ་རིའི་སྐབས་གསར་པའི་རྒྱལ་ཚོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་དང་། ཝུའུ་ཁོ་ལན་ལ་མཚོན་ཆའི་ཐད་ནས་རོགས་སྐྱོར་བྱེད་པའི་ཇུས་གཞི་གོ་ཆོད་ཅིག་ལ་གྲོས་འཆམ་འབྱུང་བར་འགན་ལེན་གང་ཐུབ་བྱས་ནས། ཨུ་རུ་སུས“ལག་བསྟར་དོན་འཁྱོལ་ཐུབ་ངེས་ཀྱི་བྱ་ཐབས”སྤྱད་དེ། བཙན་གྱིས་དམག་འཁྲུག་མཇུག་སྒྲིལ་བར་བྱེད་དགོས་པའི་བསམ་པ་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།