རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་དང་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུར་རེ་སྒུག་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་སྤྱིའི་མི་སྣས་བསྟན་དོན། ཧྲིན་ཀྲེན་དུ་འཚོགས་འཆར་ཡོད་པའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པས“ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་། ཐུན་མོང་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་གཞི་གལ་ཆེན་དང་གྲོས་འགོ་རབ་དང་རིམ་པ་ཕན་ཚུན་གཞོགས་འདེགས་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཚོགས་འདུའི་སྐབས་བཏོན་པའི་འདོད་ཚུལ་སྔར་ལས་མང་པོས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱས།

ཐེ་གོ་ཡི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཞིས་ཧ་ས་ཡིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པས་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།   འདི་ཡང་ཐེ་གོ་ཡིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་དེ་ཡིན།   ང་ཚོས་མི་འགྱང་བར་ཀྲུང་གོ་ནས་འཚོག་རྒྱུ་ཡིན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་གནང་བའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཐེངས་འདིའི་ཚོགས་འདུ་ཡིས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་གཏོད་དེ།    འཛམ་གླིང་ལ་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་བསྣན་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད།

ཁོ་མོ་རོའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་པ་ཁི་ཡིས་བཤད་རྒྱུར། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཁོང་གིས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། ཁོང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པས་གོ་ལ་ཧྲིལ་པོའི་མི་དམངས་ལ་ཕན་པ་བསྐྲུན་ལ། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཚོགས་འདུའི་སྟེང་ཀྲུང་གོའི་འདུ་ཤེས་སྔར་ལས་མང་པོ་བཏོན་ཏེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་སྔར་ལས་ཡངས་པའི་མདུན་ལྗོངས་ཤིག་བསྐྲུན་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

ཨུ་ཀྲུང་མཛའ་མཐུན། ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་ཞི་ཅི་ཐུའོ་ཧྥུའུ་ཡིས་བཤད་རྒྱུར། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་ཞིང་ཁོངས་མིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འབོར་ཚད་དེ་འཛམ་གླིང་ཡོངས་ལ་འབྲེལ་བ་གལ་ཆེན་ལྡན་པས།   ཨུ་རུ་སུ་དང་ཀྲུང་གོ་སོགས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་ཕུང་བོའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན། ང་ཚོས་རྩ་འཛུགས་འདིའི་སྒྲོམ་གཞིའི་ནང་གྲོས་མཐུན་བྱུང་བའི་མཉམ་ལས་ཀྱི་གཅིག་མཐུན་ངོས་འཛིན་ལ་མཐོང་ཆེན་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་བཞི་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་སོགས་ཀྱིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འདུས་པའི་རྒྱལ་སྤྱིའི་གླེང་མོལ་མཉམ་ལས་ལ་ནུས་པ་གལ་ཆེན་བཏོན་པས། ཐེངས་འདིའི་ཚོགས་འདུ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལོན་པར་རེ་སྒུག་བྱེད་བཞིན་ཡོད།

ཐུར་ཁེའི་དཔལ་འབྱོར་རིག་པ་ལ་ཏི་ཧྥུའུ་ཨའོ་ལུའུ་ཡིས་བཤད་རྒྱུར། ཀྲུང་གོས་ད་ལོར་གཙོ་སྒྲུབ་བྱས་པའི་ཐེངས་འདིའི་ཚོགས་འདུས་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་སོང་། ཀྲུང་གོས་དེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ལ།    ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་རྒྱལ་གྱིས་གོ་ལ་ཧྲིལ་པོར་ཕན་ཁེ་སྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཚོགས་འདུའི་སྟེང་བཏོན་པའི་འདོད་ཚུལ་གསར་པས།   ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   ཚན་རྩལ་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་སྔར་ལས་མང་པོ་སྤེལ་ནས།   ཐུན་མོང་དར་རྒྱས་ཡོང་བའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་པར་རེ་བ་བྱེད་བཞིན་ཡོད།

རྒྱལ་སྤྱིའི་མི་སྣས་བསྟན་དོན། APEC“ཀྲུང་གོའི་ལོ་ལ”“སྒོ་འབྱེད་དང་། གསར་གཏོད། མཉམ་ལས”བཅས་དམིགས་བསལ་གྱི་མཉམ་ལས་ཁྱབ་ཁོངས་ཆེན་པོ་གསུམ་ལ་བརྟེན་ནས། མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཡོད། ཐེངས་འདིའི་ཚོགས་འདུ་ཡིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཐ་ན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་གོང་འཕེལ་ལ་ཡིད་ཆེས་དང་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཕེ་ཏི་ལུའོ་ས་ཡིས་བཤད་རྒྱུར། ངས་ཐེངས་འདིའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་ཁྲོད།   ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་དང་གསར་གཏོད་མཉམ་ལས་ཀྱི་དམིགས་བསལ་ཁྱབ་ཁོངས་ཆེན་པོ་གསུམ་བཏོན་པ་དང་།  འདི་དག་ཚང་མ་ནི་དེང་སྐབས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་གཞི་ཞིག་ཡིན་ལ།   ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེ་གྲས་ཨང་གཉིས་པ་ཡིན་པར་མ་ཟད།    ཐོག་མཐའ་བར་གསུམ་དུ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ཡོང་བའི“བརྟན་བརླིང་གི་གཏིང་རྡོ”ལྟ་བུའང་ཡིན།    ཀྲུང་གོས་ནུས་ཁུངས་གསར་པ་དང་གློག་སྒུལ་རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་མང་པོའི་དམིགས་བསལ་ལག་རྩལ་གྱི་དགེ་མཚན་ལ་བརྟེན་ནས། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་ཕུང་བོར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད།

ཕེ་རུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པ་སི་ཁི་སི་ཡིས་བཤད་རྒྱུར།  ཀྲུང་གོས་བཏོན་པའིAPECགྲོས་རིམ་གྱིས་གཙོ་བོ་སྒོ་འབྱེད་གསར་གཏོད་དང་མཉམ་ལས་ལ་དམིགས་པ་དང་། དེང་སྐབས་འཛམ་གླིང་གི་ཟིང་ཆའི་ནང་འདྲེས་ནས་ཡོད་པའི་རྒྱལ་ཁབ་ཁག་གིས་མཉམ་ལས་བྱས་ན་ད་གཟོད་འགྲན་སློང་དྲག་པོར་ཁ་གཏད་འཇལ་ཐུབ་ལ།   ཀྲུང་གོ་ཕྱོགས་ཀྱི་གྲོས་རིམ་ནི་དེའི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་ཡོད་པས། ཐེངས་འདིའི་ཚོགས་འདུས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་དངོས་ཕུང་ཁག་བར་གླེང་མོལ་དང་མཉམ་ལས་སྔར་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད།

 ཨ་རིའི་ས་འབྲེལ་འཐབ་ཇུས་གྲོས་འགོ་ཞིབ་འཇུག་ཁང་གི་ལག་བསྟར་སུའོ་ཡི་འགོ་གཙོ་ས་མ་ལིན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིའི་ཚོགས་འདུ་ལ་རེ་བ་ཆེན་པོ་བཅངས་ཡོད།  ཕྱོགས་སོ་སོའི་གླེང་མོལ་གྱིས་ཕན་ཚུན་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཀྱིས་དེའི་ཁྲོད་གལ་འགང་ཆེ་བའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཡིས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྔར་ལས་སྐུལ་སྤེལ་གཏོང་བར་རེ་སྒུག་བྱེད་བཞིན་ཡོད།