ཡོ་རོབ་མནའ་འབྲེལ་གྱིས་དབྱི་སི་རལ་ལ་ཅ་ཧྲའི་ས་མཚམས་སྒྲོལ་བའི་ས་ཚིགས་ཚང་མ་སྒོ་འབྱེད་རྒྱུའི་སྐུལ་མ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ10པའི་ཚེས14ཉིན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་ཕྱོགས་བྱ་སྤྱོད་ཧྲུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཅ་ཧྲ་ས་ཁུལ་གྱི་རྒྱུན་མཐུད་དང་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། དབྱི་སི་རལ་གྱིས་ས་མཚམས་སྒྲོལ་བའི་ས་ཚིགས་ཚང་མ་མྱུར་མོར་སྒོ་ཕྱེས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་འགོག་རྐྱེན་མི་ཕོག་པར་ཅ་ཧྲ་ས་ཁུལ་དུ་བསྐྱོད་ཆོག་པའི་སྐུལ་མ་བཏང་།

གསལ་བསྒྲགས་ནང་ཉེ་དུས་ཀྱི་ཆུ་ལོག་ཚབས་ཆེན་དང་དགུན་དུས་ཀྱི་གནམ་གཤིས་ངན་པའི་དབང་གིས་ཅ་ཧྲའི་མང་ཚོགས་ཀྱི་འཚོ་གནས་དཀའ་ཁག་སྔར་ལས་ཆེ་རུ་ཕྱིན་ཡོད། དམག་འཁྲུག་རྒྱག་མཚམས་བཞག་ཡོད་ཅེས་དངོས་སུ་ཁྱབ་བསྒྲགས་བྱས་ནས་ལོ་གཅིག་འཁོར་ནའང་། དམག་དོན་གྱི་རྡུང་རྡེག་གཏོང་བའི་ལས་དོན་སྔར་བཞིན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་དང་། འགྲོ་སྐྱོད་ལ་ཚོད་འཛིན་བྱས་པའི་དབང་གིས། སྡོད་གནས་དང་སྨན་རྫས། སྨན་བཅོས་སྒྲིག་ཆས་སོགས་གཞི་རྩའི་དངོས་ཟོག་གིས་བསྟུད་མར་འདང་གི་མེད་ཅེས་འཁོད་འདུག

གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་འགག་སྒོ་ཚང་མ་འཕྲལ་མར་སྒོ་ཕྱེས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་བཀག་འགོག་མེད་པར་ཅ་ཧྲ་ས་ཁུལ་དུ་འཛུལ་ཆོག་པ་དང་། འབྲེལ་ཡོད་རོགས་སྐྱོར་རྒྱུན་མཐུད་དང་གཞི་ཁྱོན་ཆེན་པོས་སྤེལ་ཐུབ་པར་འགན་ལེན་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཅེས་འཁོད་འདུག གསལ་བསྒྲགས་ནང་ད་དུང་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་སྒྲིག་གཞི་དང་སྲིད་གཞུང་མིན་པའི་རྩ་འཛུགས་སོགས་ལ་འགན་ལེན་བྱས་ནས་ལས་དོན་སྤེལ་ཏེ། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅའ་ཁྲིམས་ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་གྱིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར”བརྟེན་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡང་བསྐྱར་བསྒྲགས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།