ཨེ་སེན་ཁོ་ཐེ་ཡིས་ནེ་ཐ་ཉི་ཡ་ཧུའུ་ཡིས“མཐུན་སྒྲིལ་སྲིད་གཞུང”འཛུགས་རྒྱུ་ཡིན་ཞེས་པ་དེ་ནི་བསམ་བཞིན་རྨོངས་སུ་འཇུག་པ་ཞིག་ཡིན་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

དབང་ཆ་དང་ལེན་ཞུས་ནས་ནང་བློན་ཁང་འཛུགས་མཁན་དབྱི་སི་རལ་གྱི་ཀྲིན་ཀྲི་་ཏང་གི་འགོ་ཁྲིད་པ་ཅ་ཏི·ཨའེ་སེན་ཁོ་ཐེ་ཡིས་ཚེས14ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ། ལྟ་སྲུང་སྲིད་གཞུང་གི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས“རང་ཉིད་འདེམས་བསྐོའི་ཁྲོད་ཕམ་ཉེས་བྱུང་བ་ཚོར་ཡོད”ཅེས་བཤད་པ་དང་། ཁོས“མི་རིགས་མཐུན་སྒྲིལ་སྲིད་གཞུང”འཛུགས་རྒྱུའི་རེ་འབོད་བྱས་པ་དེ་ནི། བསམ་བཞིན་རྨོངས་སུ་འཇུག་པའི“ཆབ་སྲིད་ཀྱི་ཐབས་ཇུས”ཙམ་ཞིག་ལས་ཅི་ཡང་མིན་ཟེར།

ཨའེ་སེན་ཁོ་ཐེ་ཡིས་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱི་གྲོས་ཁང་ནང“མི་མང་ཆེ་བའི་ངོ་རྒོལ”བྱ་རྒྱུ་ཡིན་པར་མ་ཟད། མཐར་སྲིད་གཞུང་གསར་པ་ཞིག་གྲུབ་ངེས་པ་གསལ་བོར་ཤེས་ཡོད་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེར་བརྙན་ལམ་ནས་གཏམ་བཤད་སྐབས། ཏང་ཁག་སོ་སོས“མི་རིགས་མཐུན་སྒྲིལ་སྲིད་གཞུང”བཙུགས་ནས་དབྱི་ལང་གི“ཉིང་རྡུལ་འཇིགས་སྐུལ”ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་། ཁོས་དབྱི་སི་རལ“ཡིའུ་ཐའེ་མི་རིགས་ཀྱི་རྒྱལ་ཁབ་ཡིན་པར”རྒྱབ་སྐྱོར་བྱེད་བཞིན་པའི་སྲིད་ཏང་ཚང་མས་རྩོད་གཞི་མཚམས་འཇོག་དགོས་པ་མ་ཟད།   “དབྱི་སི་རལ་གྱི་བདེ་འཇགས་དང་མ་འོངས་པའི་ཆེད་དུ་གྲོས་འཆམ”འབྱུང་རྒྱུའི་རེ་བ་བཏོན།

ནེ་ཐ་ཉི་ཡ་ཧུའུ་ཡིས་འགོ་ཁྲིད་བྱས་པའི་གཡས་རུའི་དཔུང་ཁག་དེ་ཟླ10པའི་ཚེས27ཉིན་ཚོགས་པའི་གྲོས་ཚོགས་ཀྱི་འདེམས་བསྐོའི་ཁྲོད་གོ་གནས་མང་ཆེ་བ་ཤོར། ཟླ11པའི་ཚེས8ཉིན་སྲིད་འཛིན་་ཧེའར་ཙུའོ་ཀེ་ཡིས་ཨའེ་སེན་ཁོ་ཐེ་ལ་སྲིད་གཞུང་གསར་པ་འཛུགས་རྒྱུའི་དབང་ཆ་སྤྲད།

ཚེས14ཉིན། 《དབྱི་སི་རལ་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨའེ་སེན་ཁོ་ཐེ་ཡིས་སྔོན་ཆད་ནེ་ཐ་ཉི་ཡ་ཧུའུ་དང་མཉམ་ལས་བྱེད་འདོད་མེད་ནའང་། རྩ་དོན་ཐོག་ལི་ཁུའུ་ཏེ་སྡེ་ཚོགས་དང་མཉམ་ལས་བྱས་ནས། ཨའེ་སེན་ཁོ་ཐེ་ཡིས་འགོ་ཁྲིད་བྱེད་པ་དང་ནེ་ཐ་ཉི་ཡ་ཧུའུ་ཞུགས་མེད་པའི་མཉམ་འབྲེལ་སྲིད་གཞུང་ཞིག་འཛུགས་འདོད་ཡོད། ཀྲིན་ཀྲི་ཏང་གིས་ལི་ཁུའུ་ཏེ་སྡེ་ཚོགས་ཀྱི་འཐུས་མི་དང་ཚེས15ཉིན་ཐུག་འཕྲད་བྱ་རྒྱུའི་གྲོས་མོལ་བྱས།

དབྱི་སི་རལ་གྱི་བཅའ་ཁྲིམས་ལྟར་ན། ཨེ་སེན་ཁོ་ཐེ་ལ་དམིགས་བསལ་དུ་སྲིད་གཞུང་གསར་པ་འཛུགས་རྒྱུའི་དུས་ཚོད་ཉིན28ཡོད་པ་དང་། དགོས་ངེས་སྐབས་ཆེས་མང་ནའང་ཉིན14ཇེ་རིང་དུ་གཏོང་བའི་རེ་ཞུ་མ་གཏོགས་བརྒྱབ་མི་ཆོག སྲིད་གཞུང་གསར་པས་འགན་བཞེས་པའི་དམ་བཅའ་མ་བཞག་གོང་། ནེ་ཐ་ཉི་ཡ་ཧུའུ་ཡིས་མུ་མཐུད་དུ་གནས་སྐབས་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་བ་དང་། མིག་སྔར་ཨེ་སེན་ཁོ་ཐེ་ཡིས་སྲིད་ཏང་མནའ་འབྲེལ་བཞི་ལ་གདན་ཐོབ48ལས་མེད་པ་དང་། ཨ་རབ་མི་རྒྱུད་ཀྱི་སྲིད་ཏང་ངམ་ཡང་ན་སྲིད་ཏང་གཞན་གྱི་རྒྱབ་སྐྱོར་ཐོབ་པ་ཡིན་ན། གཞི་ནས་སྲིད་གཞུང་འཛུགས་ཐུབ། ནང་བློན་ཁང་འཛུགས་རྒྱུའི་གྲོས་མོལ་ལ་མི་མཐུན་པའི་ཆ་མངོན་གསལ་གནས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།