
ཚེས13ཉིན་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཨིར་ལན་གྱི་རྒྱལ་ས་ཏུའུ་པོ་ལིན་དུ་དངོས་གཞི་མིན་པའི་ཚོགས་འདུ་བསྡུས་ཏེ། ཇི་ལྟར་བྱས་ནས་མི་ཐབས་རིག་ནུས་སྤྱད་དེ་ཡོ་རོབ་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུའི་སྐོར་གྲོས་བསྡུར་བྱས་པ་མ་ཟད། ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མོལ་ནང་ཞུགས་པའི་ཡོ་རོབ་མནའ་འབྲེལ་གྱི་འཐུས་མིའི་བཀོད་སྒྲིག་ཐད་ངོས་འཛིན་གཅིག་མཐུན་བྱུང་།
ཐེངས་འདིའི་ཚོགས་འདུ་ནི་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་མི་ཐབས་རིག་ནུས་ལ་ཆེད་དོན་གྲོས་བསྡུར་བྱེད་ཐེངས་དང་པོ་དེ་ཡིན་ལ། གྲོས་གཞིའི་ཁྲོད་མི་ཐབས་རིག་ནུས་སྤྱད་དེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་དང་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས། ཐོན་ལས་ཚུལ་སྒྱུར་ལ་སྐུལ་སྤེལ་གཏོང་བ་བཅས་དང་། དེ་བཞིན་སྔོན་ཐོན་གྱི་མི་ཐབས་རིག་ནུས་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཇི་ལྟར་ཤུགས་སྣོན་པ་སོགས་ཚུད་ཡོད། ཧྥ་རན་སེའི་མུས་སི་ཐི་ལ་ཨར་མི་ཐབས་རིག་ནུས་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨ་མུན·མོན་ཧྲི་དང་ནོ་པེ་ཨར་བྱ་དགའ་ཐོབ་མཁན་ཅེ་ཧྥུའུ་ལི་.ཞིན་ཏོན་གདན་ཞུ་ལྟར་གྲོས་བསྡུར་ཁྲོད་ཞུགས།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེན་ཏི་ལའེ་ཨེན་གྱིས་ཚོགས་འདུའི་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་མནའ་འབྲེལ་ལ་སྔོན་ཐོན་གྱི་ཐོན་ལས་དང་གཏིང་ཟབ་པའི་བཟོ་སྐྲུན་ལས་རིགས་ཀྱི་སྲོལ་རྒྱུན། ཚན་ཞིབ་ཀྱི་ཁྱད་ཆོས་དང་། རིན་ཐང་ལྡན་པའི་བཟོ་ལས་ཀྱི་གཞི་གྲངས་འབོར་ཆེན་བཅས་ལྡན་ལ། དགེ་མཚན་འདི་དག་གོ་ལ་ཧྲིལ་པོའི་འགོ་ཁྲིད་ནུས་ཤུགས་སུ་བསྒྱུར་དགོས། མོས་ཡོ་རོབ་མནའ་འབྲེལ་གྱིས་མི་ཐབས་རིག་ནུས་ཀྱིས་རིན་ཐང་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་ལས་རིགས་ལྔ་ལ་དམིགས་ནས་འཕེལ་རྒྱས་ཀྱི་མདུན་ལམ་དང་ཞིབ་ཕྲའི་འགུལ་སྐྱོད་གཏན་འཁེལ་བྱེད་ཐུབ་ལ། གྲུབ་འབྲས་ཁག་དང་པོ་དེ་གཟའ་འཁོར་གཉིས་ཀྱི་རྗེས་སུ་ཁྱབ་བསྒྲགས་བྱས་ནས། མི་ཐབས་རིག་ནུས་དེ་དངོས་ཡོད་ཁྲོད་བཀོལ་སྤྱོད་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་ངེས།
ཧྥེན་ཏི་ལའེ་ཨེན་གྱིས་བསྟན་དོན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚོད་རྩིས་བྱས་པར་གཞིགས་ན། ཡོ་རོབ་ཀྱི་ལག་རྩལ་གྱི་རང་བདག་དམིགས་འབེན་མངོན་འགྱུར་འབྱུང་བར་མ་མཐའ་ཡང་ཡོ་སྒོར་ཁྲག་ཁྲིག་ལྔ་གཏོང་དགོས། ཡོ་རོབ་ལ་ཉིང་ལྷེབ་དང་རྩིས་ཤུགས། མདུན་གྲལ་གྱི་མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་སུ་སྔར་བཞིན་གཞི་ཁྱོན་ཆེ་བའི་དངུལ་གཏོང་ཆད་ལྷག་ཤོར་ཡོད། ཚོགས་ཞུགས་འགོ་ཁྲིད་པས་ལག་རྩལ་རང་བརྟེན་མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་རེ་འདུན་མངོན་པ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དེའི་ཐད་ཇུས་གཞི་འདོན་རྒྱུ་རེད།
ཝུའུ་ཁི་ལན་གྱི་གནད་དོན་ཐད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐ་ཡིས་ཚོགས་འདུའི་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་ཉིན་དེར་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མོལ་ནང་ཞུགས་པའི་ཡོ་རོབ་ཀྱི་འཐུས་མིའི་བཀོད་སྒྲིག་ཐད་ངོས་འཛིན་གཅིག་མཐུན་བྱུང་ལ། ཡོ་རོབ་གྲོས་མོལ་ཚོགས་པ་ནི་ཡོ་རོབ་མནའ་འབྲེལ་གྱི་ལས་ཁུངས་དང་དེ་བཞིན་དབྱིན་ཇི། ཧྥ་རན་སེ། འཇར་མན། དབྱི་ཐ་ལི། ཕོ་ལན་བཅས་རྒྱལ་ཁབ་ལྔ་ཡིས་གྲུབ་ངེས།
ཁི་སི་ཐ་ཡིས་ཡོ་རོབ་ཚོགས་པས་མུ་མཐུད་དུ་མཐུན་སྦྱོར་དམ་ཟབ་དང་མཐུན་སྒྲིལ་རྒྱུན་འཁྱོངས་བྱས་ཏེ། ཝུའུ་ཁི་ལན་གྱི་འབྱུང་འགྱུར་དང་ཡོ་རོབ་ཀྱི་བདེ་འཇགས་དང་འབྲེལ་བའི་གྲོས་བསྡུར་ཁྲོད་ཁ་གསལ་དང་གཅིག་གྱུར་གྱི་སྐད་སྒྲ་སྒྲོག་རྒྱུ་ཡིན་པ་བསྟན།
ཧྥེན་ཏི་ལའེ་ཨེན་གྱིས་གོང་གསལ་གྱི་འཐུས་མིའི་བཀོད་སྒྲིག་ལ་དགའ་བསུ་ཞུས་པ་མ་ཟད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱི་ཡོ་རོབ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ཞུགས་རྒྱུ་ཡིན་པ་གསལ་བོ་བྱས། མོས་ད་དུང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་ཇུས་གཞི་སྐོར་ཐེངས22པ་མགྱོགས་མྱུར་ངང་འདོན་རྒྱུ་ཡིན་པ་མ་ཟད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་མའི་སྔོན་ལ་ཝུའུ་ཁི་ལན་གྱི2027ལོའི་མ་དངུལ་གྱིས་མི་འདང་བའི་ཁ་གསབ་ཇུས་གཞི་འདོན་རྒྱུ་ཡིན་པ་བསྟན།