
ཡེ་མེན་ཧུའུ་སའེ་དྲག་ཆས་དམག་དཔུང་གིས་ཚེས11ཉིན་བཤད་རྒྱུར། རྩ་འཛུགས་འདིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ་ཡོད་པའི་ཧ་ལི་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྐོར་ཞིབ་འཕུར་མདེལ3འཕངས་པར་མ་ཟད། མི་མེད་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་ནུབ་རྒྱུད་ཀྱི་སྣུམ་གཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཤིང་། འགུལ་སྐྱོད་སྐོར་ཐེངས་གཉིས་ཀ་ལེགས་འགྲུབ་བྱུང་ཡོད་ཟེར།
ཧུའུ་སའེ་དྲག་ཆས་དམག་དོན་གྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་རྒྱུར། རྩ་འཛུགས་འདིས་སྐོར་ཞིབ་འཕུར་མདེལ3བཀོལ་ནས་ཧ་ལི་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དང་། གཞན་ཡང་མི་མེད་གནམ་གྲུ་ཞིག་གིས་སོ་ཏི་ཨ་རབ་ཀྱི་རྒྱ་མཚོ་དམར་པོའི་འགྲམ་རྒྱུད་དུ་ཡོད་པའི་རྡོ་སྣུམ་ལྟེ་བའི་ཡན་པུའུ་ས་ཁུལ་གྱི་སྣུམ་གཤེར་ས་ཚིགས11པར་འཇབ་རྒོལ་བྱས་ཡོད་ཟེར།
ས་ལེ་ཡ་ཡིས་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་མའེ་ཅའི་མཁའ་དབྱིངས་ནས་ཧུའུ་སའེ་དྲག་ཆས་དམག་དཔུང་གི་མི་མེད་གནམ་གྲུ་བཀག་པ་ཁས་མ་བླངས་ལ། བཤད་ཚུལ་འདི་རྫུན་བཟོ་ཁོ་ན་རེད་ཅེས་བསྟན། ཁོས་ཧུའུ་སའེ་དྲག་ཆས་དམག་དཔུང་གི་དམག་དོན་འགུལ་སྐྱོད་ཀྱིས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་བཀོད་དང་དམག་དོན་རྟེན་གཞི་ལ་དམིགས་པ་ལས་དབྱི་སི་ལན་ཆོས་ལུགས་ཀྱི་གནས་མཆོག་ལ་དམིགས་པ་མིན་ཟེར།
ཉིན་དེའི་སྔ་མོར། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་ཨར་ཅི·མ་ལི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་མཁའ་ཟོན་དམག་དཔུང་གིས་ལི་ཡ་ཏིར་འཕུར་བའི་ཧུའུ་སའེ་དྲག་ཆས་དམག་དཔུང་གི་སྐོར་ཞིབ་འཕུར་མདེལ3གཏོར་སྐྱོན་བཏང་བ་དང་། མའེ་ཅ་ས་ཁུལ་དང་སོ་ཏི་ཨ་རབ་ཀྱི་ལྷོ་རྒྱུད་ས་ཁུལ་དུ་ཧུའུ་སེ་དྲག་ཆས་དམག་དཔུང་གི་མི་མེད་གནམ་གྲུ་གཉིས་བཀག་ནས་གཏོར་ཡོད་ཟེར།