
《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སོ་གཅིག་པ་ཀྲུང་གོའི་ལས་སྟེགས་སུ་ཚོགས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་སྐབས་སུ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་མི་མང་པོ་ཞིག་གིས་ཀྲུང་གོས་ནུས་ཁུངས་ཕྱོགས་སྒྱུར་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པར་ཚད་མཐོའི་གདེང་འཇོག་བྱས།
《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཞི་མོང་·སི་ཏི་ཡིས་བཤད་རྒྱུར། ཀྲུང་གོས་སྤེལ་བའི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་ནུས་ཁུངས་གཙང་མ་བསྒྱུར་བར་སྐུལ་འདེད་གཏོང་ཆེད། གནམ་གཤིས་ཀྱི་མཉེན་གཤིས་མཐོར་འདེགས་ལ་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱས། དེ་དང་ཆབས་ཅིག་ཀྲུང་གོས་རྒྱལ་ནང་དུ་སྤྱད་པའི་བྱ་སྤྱོད་དག་ཀྱང་གལ་འགངས་ཤིན་ཏུ་ཆེ། ཀྲུང་གོའི་ནུས་ཁུངས་ཚུལ་སྒྱུར་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན། དེས་དཔལ་འབྱོར་འཕར་སྣོན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། ནུས་ཁུངས་བདེ་འཇགས་འགན་སྲུང་ནུས་པ་སྔར་བས་མཐོར་འདེགས་བཏང་ཡོད།
རྒྱལ་སྤྱིའི་ནུས་ཁུངས་ཧྲུའུ་ཡི་འགོ་གཙོ་ཧྥ་ཐི་ཧེ·པི་ལོ་འར་གྱིས་བཤད་རྒྱུར། ཀྲུང་གོས་གློག་སྒུལ་རླངས་འཁོར་དང་། སླར་སྐྱེ་རུང་བའི་ནུས་ཁུངས། གློག་གཡིས་གསོག་ནུས་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་མ་ཟད། ཀྲུང་གོས་ཆུ་གློག་དང་ཉི་ནུས། རླུང་ནུས་སོགས་ནུས་ཁུངས་གཙང་མའི་ཁྱབ་ཁོངས་ཀྱི་འཛམ་གླིང་གི་ནུས་ཁུངས་ཚུལ་སྒྱུར་ཐད་མིག་མཐོང་ལག་ཟིན་གྱི་བྱས་རྗེས་བཞག་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གནམ་གཤིས་འགྱུར་ལྡོག་སློབ་གསོའི་གཞུང་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་བ་དང་ཁྱབ་སྤེལ་སྤྱི་གཉེར་པ་ཅི་ཨན་·ས་ཏ་ཏུའུ་ཡིས་བཤད་རྒྱུར། ཀྲུང་གོས་བྱེད་ཐབས་རབ་དང་རིམ་པ་ཧུར་ཐག་གིས་བཏོན་ནས་གྲོང་ཁྱེར་དང་རང་བྱུང་མཉམ་འདྲེས་དང་། གནམ་གཤིས་འགྱུར་ལྡོག་དང་མཐུན་པའི་འབྲེལ་ཡོད་བྱེད་ཐབས་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་སྒྲིག་དང་ཕན་ཚུན་མཐུན་སྦྱོར་བྱེད་བཞིན་ཡོད་ལ། རྙོག་འཛིང་ཆེ་ཞིང་ཕན་ཚུན་འབྲེལ་བ་ཡོད་པའི་གྲོས་གཞི་འདི་དག་ཐག་གཅོད་པའི་ཐད་ཀྲུང་གོས་བྱ་བ་སྒྲུབ་པར་ཕན་འབྲས་ཆེན་པོ་ལྡན།