ཨུ་རུ་སུ་དང་ཨ་རི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཨ་པུའུ་ཀྲ་པེ་ནས་མུ་མཐུད་དུ་སྤེལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཚེས11ཉིན། ཝུའུ་ཁི་ལན་གྱི་གནད་དོན་ལ་དམིགས་པའི་ཨུ་རུ་སུ་དང་ཝུའུ་ཁི་ལན། ཨ་རི་བཅས་ཕྱོགས་གསུམ་གྱི་གྲོས་མོལ་བསྡུས་ནས་ཉིན་གཉིས་པར་སླེབས། 

ཨུ་རུ་སུའི་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་དོན།  ཚེས10ཉིན་གྱི་ཕྱོགས་གསུམ་གྲོས་མོལ་ཧ་ལམ་ཆུ་ཚོད4ལ་ཚོགས་པ་དང་།  ཨུ་རུ་སུ་ཕྱོགས་ཀྱི་འཐུས་མི་སྟེ། ཨུ་རུ་སུའི་སྲིད་འཛིན་ལས་རོགས་པ་མའེ་ཅིན་སི་ཅི་ཡིས་ཡུལ་དངོས་ནས་ཨ་པུའུ་ཀྲ་པེ་ཡི་གྲོས་མོལ་གྱིས་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། ཨུ་ཝུའུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་པ་བསྟན། 

ཨ་རི་ཕྱོགས་ཀྱི་འཐུས་མི་ཁུའུ་ཧྲི་ན་ཡིས་ཉིན་དེའི་གྲོས་མོལ་ལ་དགེ་མཚན་རང་བཞིན་ལྡན་པས། ཨུ་རུ་སུ་དང་ཡོ་རོབ། ཝུའུ་ཁི་ལན་བཅས་བར་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་པ་བསྟན།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཚེས10ཉིན་ཏེན་མག་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔའི་འབྲེལ་གཏུག་ལམ་ཐིག་བརྒྱུད་དེ་འཁྲུག་མཚམས་འཇོག་པ་དང་ད་ཡོད་ཀྱི་འཐབ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཕྱི་འབྲེལ་གྲོས་མོལ་དུ་ཞུགས་པ་ནི་གདོང་ཐུག་དང་ཛ་དྲག་ཆེ་བའི་དམག་འཐབ་དུས་རིམ་མཇུག་སྒྲིལ་བའི་བྱེད་ཐབས་མགྱོགས་ཤོས་ཡིན་པ་བསྟན།  ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ཉིན་དེར་ཨུ་ཝུའུ་གནས་བབ་གསལ་པོ་མིད་པའི་གནས་ཚུལ་འོག ཨུ་རུ་སུ་སླར་ཡང་འཁྲུག་མཚམས་འཇོག་རྒྱུར་མི་འཐད་པ་བསྟན།  ཁོས་ཡོ་རོབ་ཕྱོགས་ཀྱིས་འཁྲུག་མཚམས་འཇོག་རྒྱུར་ཁ་གཡར་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་དུས་ཚོད་བརྩོན་ལེན་བྱེད་བཞིན་ཡོད་པར་སྐྱོན་བཙུགས།

ཉེ་ཆར་འཇར་མན་གྱི་ཙུང་ལི་མོ་ཚི་ཡིས། ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས2027ལོའི་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་ནོར་སྲིད་ཀྱི་སྟོང་ཆ་མཉམ་དུ་གསབ་ན་འགྲིག་པར་བསྟན་པ་དང་།  གནད་དོན་འདིས་ཡོ་རོབ་མནའ་འབྲེལ་གྱི་ཡུན་རིང་སྔོན་རྩིས་ཀྱི་གྲོས་མོལ་ལ་འགོག་རྐྱེན་ཡང་བཟོ་སྲིད་པའི་ལྐོག་བརྡ་བཏང་། སི་ལོ་ཝ་ཁེའི་ཙུང་ལི་དང་ཅེ་ཁེའི་ཙུང་ལི་ཡིས་ཚེས10ཉིན་དེར་ངོ་རྒོལ་བྱས་ནས། དེར་འབྲེལ་གྱི་བླང་བྱ་ནི་བཙན་སྐུལ་ཡིན་པ་བསྟན།