སི་ལོ་ཝ་ཁེ་དང་ཅེ་ཁེའི་ཙུང་ལི་ཡིས་མོ་ཚི་ཡིས་ཝུའུ་ཁོ་ལན་ལ་རོགས་སྐྱོར་བྱེད་པའི་བླང་བྱར་ངོ་རྒོལ་བྱས།
ཁུངས། ཀློག་གྲངས།

 ​ཚེས10ཉིན། སི་ལོ་ཝ་ཁེ་ཡི་ཙུང་ལི་ཙུའོ་དང་ཅེ་ཁེ་ཡི་ཙུང་ལི་པ་པི་ཧྲི་གཉིས་ཀྱིས་སི་ལོ་ཝ་ཁེ་ཡི་རྒྱལ་ས་པུའུ་ལ་ཏི་སི་ལ་ཧྥ་ནས་ཚོགས་པའི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མཉམ་འབྲེལ་གྲོས་ཚོགས་སྟེང་འཇར་མན་གྱི་ཙུང་ལི་མོ་ཚི་ཡིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་ཞུགས་རྒྱལ་ཁབ་ཚང་མས་ཝུའུ་ཁོ་ལན་གྱི2027ལོའི་ནོར་སྲིད་སྟོང་ཆ་གསབ་དགོས་ཞེས་པའི་གྲོས་གཞི་ལ་ངོ་རྒོལ་བྱས།

མོ་ཚི་ཡིས་ཉེ་སྔོན་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱེད་པ་ནི་ཡོ་རོབ་ཐུན་མོང་གི་བདེ་འཇགས་དང་འབྲེལ་བའི་ཐུན་མོང་གི་ལས་འགན་ཞིག་ཡིན་པ་ལས་རྒྱལ་ཁབ་རེ་གཉིས་ཀྱི་འགན་འཁྲི་མིན་ཞེས་བསྟན། ཁོས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དམིགས་བསལ་མེད་པར་ཝུའུ་ཁོ་ལན་གྱི་སང་ལོའི་ནོར་སྲིད་ཀྱི་སྟོང་ཆ་གསབ་རྒྱུའི་གྲོས་གཞི་ནང་ཞུགས་དགོས་པའི་བླང་བྱ་བཏོན་ཞིང་།  དེ་ལྟར་མ་བྱས་ཚེ་འཇར་མན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་རྗེས་མའི་ལོ་མང་རིང་གི་སྔོན་རྩིས་གྲོས་མོལ་ལ་འགོག་རྐྱེན་བཟོ་སྲིད་པ་བསྟན།

 ཧྥེ་ཙོ་ཡིས་མོ་ཚིས་བཏོན་པའི་རེ་བ་ནི“བཙན་ལེན”ཡིན་པར་བཤད་ཅིང་།  སི་ལོ་ཝ་ཁེས་ཝུའུ་ཁོ་ལན་གྱི་སང་ལོའི་ནོར་སྲིད་ཀྱི་སྟོང་ཆ་བསྐང་བའི་ཁྲོད་མི་ཞུགས་པ་དང་ཡོ་རོབ་མནའ་འབྲེལ་གྱིས་འདོན་སྲིད་པའི་རེས་སྐོར་གསར་པའི་ཝུའུ་ཁོ་ལན་ལ་དངུལ་བུན་གཏོང་བའི་ནང་ཞུགས་མི་སྲིད་ཅེས་ཁ་གསལ་བཏོན།

པ་པི་ཧྲི་ཡིས་བསྟན་དོན།  ཡོ་རོབ་མནའ་འབྲེལ་གྱི་མ་འོངས་བའི་སྔོན་རྩིས་འཆར་ཟིན་ནང་ཝུའུ་ཁོ་ལན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཚུད་ཡོད་པ་དང་།  ཝུའུ་ཁོ་ལན་དང་ཡོ་རོབ་མནའ་འབྲེལ་གྱི་ཡུན་རིང་གི་སྔོན་རྩིས་བཀོད་སྒྲིག་ལ་སྔར་བས་རོགས་སྐྱོར་བྱ་རྒྱུར་ངོ་རྒོལ་བྱས།  ཁོས་ནན་གྱིས་བསྟན་དོན།  གནོན་ཤུགས་སྤྲད་པར་བརྟེན་ནས་ཁོངས་ཞུགས་རྒྱལ་ཁབ་ལ་འབྲེལ་ཡོད་ཀྱི་འོས་འགན་འཁུར་དུ་འཇུག་མི་རུང།   པ་པི་ཧྲི་ཡིས་ཡོ་རོབ་མནའ་འབྲེལ་གྱིས་རང་ཉིད་ཀྱི་འཐུས་མི་མངགས་ནས་ཝུའུ་ཁོ་ལན་གྱི་ཞི་བའི་གྲོས་མོལ་ནང་ཞུགས་འོས་པའི་འདོད་ཚུལ་བཏོན་པ་དང་།  “དུས་རྟག་ཏུ་ཨ་རིས་ང་ཚོས་ཚབ་བྱས་ནས་གྲོས་མོལ་བྱེད་མི་རུང”།

ཝུའུ་ཁོ་ལན་ཕྱོགས་ཀྱིས་ཚོད་དཔག་བྱས་པར་གཞིགས་ན།  2027ལོར་ཝུའུ་ཁོ་ལན་གྱི་ནོར་སྲིད་ལ་ཡོ་སྒོར་ཐེར་ཆེན་བདུན་གྱི་འདང་མེད།  ཡོ་རོབ་མནའ་འབྲེལ་གྱིས་དེའི་ཁྲོད་ཀྱི་ཡོ་སྒོར་ཐེར་ཆེན་བཞི་ཐེར་འབུམ་ལྔ་འཁུར་རྒྱུའི་ཁས་བླངས།