
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལེན་སི་ཅིས་ཚེས10ཉིན་ཏེན་མག་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཡོ་རོབ་གླིང་ཨུ་ཝུའུ་གདོང་གཏུག་མཇུག་བསྒྲིལ་ཏུ་འཇུག་རྒྱུའི་གྲོས་མོལ་དང་། དེ་བཞིན་ཨ་རི་དང་ཡོ་རོབ་གླིང་གིས་ཝུའུ་ཁོ་ལན་ལ་བདེ་འཇགས་འགན་ལེན་མཁོ་འདོན་བྱ་རྒྱུའི་གྲོས་བསྡུར་ནང་ཞུགས་དགོས་ཞེས་བཤད་པ་རེད།
ཙེ་ལེན་སི་ཅིས་ཉིན་དེར་ཏེན་མག་ལ་འཚམས་འདྲི་བྱས་ནས། ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལེ་ཙི་ལེ་ཁུ་སིན་དང་གྲོས་མོལ་བྱས། ཏེན་མག་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་བཀོད་སྒྲིག་ལྟར་ན། ཙེ་ལེན་སི་ཅིས་ད་དུང་ཡོ་རོབ་བྱང་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཝུའུ་དམག་ལ་རོགས་སྐྱོར་དང་ཡོ་རོབ་གླིང་གི་བདེ་འཇགས་ལ་གྲོས་བསྡུར་བྱ་རྒྱུ་རེད།
ཨུ་རུ་སུ་དང་ཨ་རི། ཝུའུ་ཁོ་ལན་ཕྱོགས་གསུམ་གྱི་གྲོས་མོལ་དེ་ཚེས10ནས་ཚེས11ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་གྱི་རྒྱལ་ས་ཨ་པུའུ་ཀྲ་པི་རུ་འཚོག་རྒྱུར་གཏན་ཁེལ་བྱས་ཡོད། ཙེ་ལེན་སི་ཅིས་ཚེས10ཉིན་སྤྱི་ཚོགས་སྨྱན་སྦྱོར་ཐོག་ཡིག་ཆ་བཏང་ནས། ཁོང་ལ་ཝུའུ་གྲོས་མོལ་ཚོགས་པའི་ཨ་པུའུ་ཀྲ་པི་གྲོས་མོལ་གྱི་ཉིན་དང་པོའི་སྐོར་གྱི་སྙན་ཞུ་འབྱོར་བ་དང་། ཁོང་གིས་གྲོས་མོལ་ལ་འཛུགས་སྐྱོང་རང་བཞིན་མང་ལ་ངོ་བོའི་དོན་སྙིང་ལྡན་འདུག་ཟེར།
ཙེ་ལེན་སི་ཅིས་བཤད་རྒྱུར། འཛིན་བཟུང་མི་སྣ་གློད་གྲོལ་གཏོང་རྒྱུ་ནི་གྲོས་མོལ་གྱི་སྔོན་ལ་གྲོས་བསྡུར་བྱེད་པའི་དོན་ཚན་ཞིག་ཡིན་པ་དང་། དེ་མིན་ཕྱོགས་གསུམ་པོས་ད་དུང་ཝུའུ་ཁོ་ལན་གྱི་བདེ་འཇགས་འགན་ལེན་གྱི་ཞིབ་ཕྲའི་ནང་དོན་དང་དེ་བཞིན་ཡུན་རིང་ནུས་ལྡན་འགན་ལེན་བྱེད་པའི་ལམ་སྲོལ་ལ་གྲོས་བསྡུར་བྱས་ཡོད་པས། ང་ཚོས་ཏན་ཏིག་གི་ལམ་སྲོལ་གྱིས་དམག་འཁྲུག་སླར་ཡང་འབྱུང་བར་འགོག་དགོས་ཞེས་བཤད།