མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་འཇིགས་སྐུལ་མང་པོས་ལི་པི་ཡའི་དཔལ་འབྱོར་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཏི་ལི་པོ་ལི་ཡིས་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ལི་པི་ཡའི་གནད་དོན་གྱི་དམིགས་བསལ་འཐུས་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ལི་པི་ཡའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧན་ན་ཐི་ཐ་ཧོ་ཡིས་ཚེས་10ཉིན། ཉམས་ཞན་གྱི་དཔལ་འབྱོར་བཅོས་སྐྱོང་དང་། ཆབ་སྲིད་ཐེ་གཏོགས། དེ་བཞིན་འབར་རྫས་ལྐོག་འདྲེན་དང་ནག་དངུལ་དག་འབུད་ཚུད་པའི་ཁྲིམས་འགལ་བྱེད་སྒོས་ལི་པི་ཡའི་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་མ་དངུལ་ཤོར་དུ་བཅུག་ནས། ལི་པི་ཡའི་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་། རྒྱལ་ཁབ་དེའི་དཔལ་འབྱོར་དང་དངུལ་རྩའི་བརྟན་ལྷིང་ལ་གཏོར་བཤིག་བཏང་ཡོད་ཅེས་བཤད།

མཉམ་འབྲེལ་རྒྱལ་ཚོགས་ལི་པི་ཡ་རོགས་སྐྱོར་ཚོགས་པས་ཉིན་དེར་ལི་པི་ཡའི་རྒྱལ་ས་ལི་པོ་ལི་རུ་པོ་ལིན་འཕེལ་རིམ་གྱི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་རྒྱ་སྐྱེད་ཚོགས་འདུ་ཚོགས་པའི་དམིགས་ཡུལ་ནི། ལི་པི་ཡའི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་དཔལ་འབྱོར་དང་དངུལ་རྩའི་འགྲན་སློང་ལ་གྲོས་བསྡུར་བྱ་རྒྱུ་དེ་རེད།

ཐེ་ཐ་ཧོ་ཡིས་ཤིས་ཚིག་ནང་བསྟན་དོན། 2026ལོར་ནུས་ཁུངས་ཀྱི་རིན་གོང་དེ་ཕན་ཡོད་ཀྱི་ཆུ་ཚད་དུ་གནས་ཀྱང་། ལི་པི་ཡར་སྔར་བཞིན་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་དཔལ་འབྱོར་གྱི་གནོན་ཤུགས་འཕྲད་ཡོད་ལ། དེའི་ནང་སྤྱི་པའི་གཏོང་སྒོ་འཕར་བ་དང་ལི་པི་ཡའི་ཏི་ནར་གྱི་རིན་ཐང་ཆག་པ་དང་དེ་བཞིན་ཉོ་ཤུགས་ཆག་པ་ཚུད་ཡོད་པས། མང་ཚོགས་དཀྱུས་མས་དེའི་རྐྱེན་གྱིས་ཁུར་པོ་ཧ་ཅང་ཆེན་པོ་འཁུར་གྱི་ཡོད་ཅེས་བཤད།

ཁོ་མོས་ཏན་ཏིག་དང་མཐུན་སྦྱོར་གཅིག་གྱུར་གྱི་བྱེད་ཐབས་སྤྱད་དེ། སྒྲིག་གཞིའི་འགན་འཁྲི་འདྲི་རྩད་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཐོན་ཁུངས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱུ་ནོར་གྱིས་ལི་པི་ཡའི་མི་དམངས་ལ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།