འཇར་མན་གྱི་ཙུང་ལི་མོ་ཚི་ཡིས་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡོ་རོབ་མནའ་འབྲེལ་གྱི་སྔོན་རྩིས་ནང་འཇུག་རྒྱུའི་འདོད་བློ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ11པའི་ཚེས10ཉིན། འཇར་མན་གྱི་ཙུང་ལི་མོ་ཚི་ཡིས་ཡོ་རོབ་མནའ་འབྲེལ་གྱིས་ངེས་པར་དུ་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་ཡོ་རོབ་མནའ་འབྲེལ་གྱི་སྔོན་རྩིས་ནང་འཇུག་དགོས་པ་དང་། མ་འོངས་པའི་ལོ་ཤས་ནང་། ཝུའུ་ཁོ་ལན་ལ་མ་དངུལ་གྱི་རྒྱབ་སྐྱོར་ཇི་ལྟར་བྱ་རྒྱུ་དེ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་གསར་པའི་ལོ་མང་རིང་གི་སྔོན་རྩིས་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བསམ་པ་བསྟན།

མོ་ཚི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧང་ག་རིའི་ཙུང་ལི་མའོ་ཅའོ་ཨེར་དང་གྲོས་མོལ་བྱས། ཚོགས་འདུ་གྲོལ་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག མོ་ཚི་ཡིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་གསར་པའི་ལོ་མང་རིང་གི་སྔོན་རྩིས་གྲོས་མོལ་དེ་གནད་འགག་དུས་སྐབས་སླེབས་ཡོད་ཅིང་། ཝུའུ་ཁོ་ལན་ལ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་ནི་ཡོ་རོབ་ཐུན་མོང་གི་བདེ་འཇགས་དང་འབྲེལ་བ་ཡོད་པས་ཡིན་ཟེར།

མོ་ཚི་ཡིས་སྔོན་རྩིས་གྲོས་མོལ་ལ་གྲུབ་འབྲས་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ནི། ཡོ་རོབ་མནའ་འབྲེལ་གྱིས་མ་འོངས་པའི་ལོ་འགའི་ནང་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་ཇི་ལྟར་བྱ་རྒྱུའི་ཐད་གཞི་རྩའི་ཐུན་མོང་གི་ལྟ་ཚུལ་གྲུབ་རྒྱུ་དེ་ཡིན། ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཡོ་རོབ་མནའ་འབྲེལ་གྱི་ཐུན་མོང་གི་ལས་འགན་ཡིན་པ་ལས་ཁོངས་མིའི་རྒྱལ་ཁབ་རེ་ཟུང་གི་ལས་འགན་མིན། ངེས་པར་དུ་ཝུའུ་ཁོ་ལན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་ཡོ་རོབ་མནའ་འབྲེལ་གྱི་སྔོན་རྩིས་ནང་འཇུག་དགོས་པ་དང་། ཆེས་ཉུང་ནའང་ཁོངས་གཏོགས་རྒྱལ་ཁབ་བཞིས་འདི་ལ་བསམ་འཆར་མི་འདྲ་བ་བསྟན་ཡོད་ཟེར།

མའོ་ཅའོ་ཨེར་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ27གྱིས་ཐུན་མོང་གི་ནོར་སྲིད་སྒྲོམ་གཞིའི་ཐད་ངོས་འཛིན་གཅིག་མཐུན་བྱུང་རྒྱུ་ནི་ལས་སླ་མོ་ཞིག་མིན། ཧང་ག་རི་ཕྱོགས་ཀྱིས་རེས་སྐོར་གསར་པའི་ལོ་མང་རིང་གི་སྔོན་རྩིས་ནང་ངེས་པར་དུ་ཞིང་ལས་སྲིད་ཇུས་དང་གོང་བུར་འགྲིལ་ཤུགས་སྲིད་ཇུས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མ་དངུལ་ཉུང་དུ་མི་འགྲོ་བར་འགན་ལེན་བྱེད་པའི་དུས་མཚུངས་སུ། ཁོངས་མིའི་རྒྱལ་ཁབ་ཀྱི་མ་དངུལ་བཀོད་སྒྲིག་ལེགས་སྒྲིག་བྱེད་དགོས་པའི་བསམ་པ་བསྟན།

མའོ་ཅའོ་ཨེར་གྱིས་བཤད་རྒྱུར། ད་ཡོད་ཀྱི་སྔོན་རྩིས་གྲོས་གཞིར་ད་དུང་བཟོ་བཅོས་རྒྱག་དགོས་པའི་ཆ་མང་པོ་ཡོད། ཧང་ག་རི་ནི་དགེ་མཚན་ལྡན་པའི་མཉམ་ལས་ཟླ་གྲོགས་སུ་འགྱུར་རྒྱུ་ཡིན་ངེས་ནའང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བཟོད་སྒོམ་བྱེད་མི་སྲིད་ཟེར།

ཚེས10ཉིན། སི་ལོ་ཝ་ཁེ་ཡའི་ཙུང་ལི་ཧྥེ་ཙའོ་དང་ཅེ་ཁེའི་ཙུང་ལི་པ་པི་ཧྲི་ཡིས་སི་ལོ་ཝ་ཁེ་ཡའི་རྒྱལ་ས་པུའུ་ལ་ཏི་སི་ལ་ཧྥ་རུ་ཚོགས་པའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་མཉམ་འབྲེལ་ཚོགས་འདུའི་ཐོག མོ་ཚི་ཡིས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཚང་མས་ཝུའུ་ཁོ་ལན་ལ2027ལོའི་ནོར་སྲིད་མི་འདང་བའི་འགན་འཁུར་དགོས་པའི་རེ་བ་བཏོན་པའི་གྲོས་འགོར་ཡོངས་བསྒྲགས་ཀྱི་ལམ་ནས་ངོ་རྒོལ་བྱས། ཧྥེ་ཙའོ་ཡིས་མོ་ཚིས་བཏོན་པའི་བླང་བྱ་ནི“བཙན་བསྡུ་བྱེད་པ”ཞིག་ཡིན་ཞེས་བཤད་པ་དང་། སི་ལོ་ཝ་ཁེ་ཡ་ཝུའུ་ཁོ་ལན་གྱི་སང་ལོའི་ནོར་སྲིད་ཀྱི་མི་འདང་ས་གསབ་རྒྱུའི་ནང་ཞུགས་མི་སྲིད་ལ། ཡོ་རོབ་མནའ་འབྲེལ་གྱིས་འདོན་སྲིད་པའི་རེས་སྐོར་གསར་པའི་ཝུའུ་ཁོ་ལན་ལ་དངུལ་བུན་གཏོང་བའི་ནང་ཞུགས་མི་སྲིད་ཅེས་གསལ་ཁ་བཏོད། པ་པི་ཧྲི་ཡིས་ཝུའུ་ཁོ་ལན་ལ་སྔར་ལས་རོགས་སྐྱོར་བྱ་རྒྱུ་དེ་ཡོ་རོབ་མནའ་འབྲེལ་གྱི་ཡུན་རིང་སྔོན་རྩིས་གཞི་གཅིག་ཏུ་སྦྲེལ་རྒྱུར་ར་ངོ་རྒོལ་བྱ་རྒྱུ་ཡིན་པར་མ་ཟད། གནོན་ཤུགས་སྤྲད་དེ་ཁོངས་མིའི་རྒྱལ་ཁབ་ལ་འབྲེལ་ཡོད་འོས་འགན་འཁུར་དུ་འཇུག་རྒྱུ་དང་ལེན་མི་བྱེད་ཅེས་ནན་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།